མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་
མཁན་མོ་ཧན་མོ་ཏེ་དང་། ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མོ་ཧན་མོ་ཏེས་མཉམ་
དུ་གཉེར་བའི་ཕེབས་བསུའི་མཛད་སྒོར་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེ་དང་། ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མོ་ཧན་མོ་ཏེས་ཙུང་ཐུང་ལས་ཤག་གི་ཚོམས་ཆེན་དུ་ཐུན་མོང་ཐོག་མཛད་སྒོ་གཟབ་རྒྱས་གཉེར་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་པ་རེད།
         ཟླ་བདུན་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེའི་ནམ་མཁའ་སྔོ་ལ་དྭངས་ཤིང་། ས་གནས་དེའི་དུས་ཚོད་ཆུ་ཚོད་11དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཙུང་ཐུང་ལས་ཤག་ཏུ་ཕེབས་པ་རེད།
         ཙུང་ཐུང་ལས་ཤག་ཏུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དང་། རྔམ་བརྗིད་ལྡན་ལ་དཔའ་སྟོབས་ཆེ་བའི་རྟ་པ་རུ་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྣེ་ལེན་དང་ཕེབས་བསུ་ཞུས་པ་རེད། ད་དུང་དེ་ཁུལ་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་དམག་རྟ་པའི་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གིས་རླངས་འཁོར་རུ་ཁག་གི་མཁའ་དབྱིངས་སུ་འཕུར་ཏེ་ཀྲུང་གོའི་རྒྱལ་དར་གྱི་ཚོན་མདོག་དམར་པོ་དང་སེར་པོ་མཚོན་པའི་ཐིག་རིས་འཐེན་ནས་ཐག་རིང་ནས་ཕེབས་པའི་ཀྲུང་གོའི་སྐུ་མགྲོན་ལ་གུས་བཀུར་ཞུ་ལུགས་མཚོན་པར་བྱས་པ་རེད།
         ཀྲུའུ་ཞི་ཞི་ཅིན་ཕིང་ཙུང་ཐུང་ལས་ཤག་གི་ཐོག་ཁང་གཙོ་བོར་ཕེབས་འབྱོར་ཟིན་སྐབས། ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེ་དང་། ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མོ་ཧན་མོ་ཏེས་རླངས་འཁོར་འཇོག་སར་ཕེབས་བསུ་ཞུ་བར་བཅར་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཞབས་ཐང་མར་ཚོམས་ཆེན་དུ་ཕེབས་པ་རེད། ཙུང་ཐུང་ལས་ཤག་གི་ཚོམས་ཆེན་གཟི་མདངས་རྣམ་པར་འཚེར་བ་དང་བཀོད་པ་བརྗིད་ཉམས་ལྡན་པ་ཞིག་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱི་དཔོན་རིགས་གཙོ་བོ་དང་ཕྱག་གཏོང་རེས་གནང་བ་རེད། རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་ཕྱག་གཏོང་རེས་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེ་ལྷན་དུ་གཟིགས་ཞིབ་སྟེགས་བུར་ཕེབས་པ་རེད། དེ་དང་ཆབས་ཅིག་དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། རྒྱལ་རྒྱུད་འཛིན་མཁན་མོ་ཧན་མོ་ཏེའི་ཕེབས་རོགས་འོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།