འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས“རྩེར་སོན་གྱི་
    ཡུལ་སྐོར་རྣམ་གྲངས”ཧུར་ཐག་གཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན་གསར་འགོད་པར“ནུབ་རྒྱུད་དུ་བསྐྱོད་ནས་མངའ་རིས་པར་དུ་ལེན”ཞེས་པའི་འོས་སྦྱོར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་གཏོད་པའི“སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རྩེར་སོན་གྱི་ཡུལ་སྐོར་རྣམ་གྲངས”འཐུས་སྒོ་ཚང་དུ་ཕྱིན་ནས་མཚན་དགུང་སྤྱི་གླིང་གི་གནམ་དཔྱད་བྱེད་སྒོ་དང་། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན། རིག་གནས་ཡུལ་སྐོར་རྣམ་གྲངས་འོས་སྦྱོར་སོགས་ཀྱི་བྱེད་སྟངས་བརྒྱུད་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད།
         མངའ་རིས་ཀྱི་ཡུལ་སྐོར་དེ་བས་ལེགས་པའི་སྒོ་ནས་དྲིལ་བསྒྲགས་བྱ་ཆེད། “ནུབ་རྒྱུད་དུ་བསྐྱོད་ནས་མངའ་རིས་པར་དུ་ལེན”ཞེས་པའི་པར་ལེན་ཆུང་གྲས་ཀྱི་བྱེད་སྒོ་ཚེས་16ཉིན་ལྷ་སར་སྤེལ་འགོ་ཚུགས་པ་རེད། མ་འོངས་ཉིན་10ཡི་རིང་རྒྱལ་ཡོངས་ས་གནས་ཁག་གི་པར་ལེན་ལ་དགའ་པོ་ཡོད་མཁན་དང་གསར་འགོད་པས་དར་སྲོལ་གྱི་བརྙན་ལམ་ལ་བརྟེན་ནས་མངའ་རིས་ཀྱི་ཐུན་མིན་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཡོངས་བསྒྲགས་བྱ་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་དང་ཆབས་ཅིག་མངའ་རིས་ཀྱི་ལྷོ་བྱང་སྐོར་ལམ་དང་། མངའ་རིས་ཀྱི་བྱང་ཐིག རྒྱལ་ལམ་219ཤིན་བོད་ལམ་ཐིག ཞང་ཞུང་རིག་གནས་རྩེར་སོན་གྱི་ནང་སྐོར་ལམ་ཐིག་བཅས་ཡུལ་སྐོར་ལམ་ཐིག་ཁག་4འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད། ལམ་ཐིག་དེ་དག་ཏུ་གུ་གེ་རྒྱལ་པོའི་གནའ་ཤུལ་དང་། རྩྭ་མདའ་ས་ཚལ། གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོ་སོགས་གྲགས་ཅན་གྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཡོད་པ་རེད།
          མངའ་རིས་ས་ཁུལ་གྱིས“ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན”གཉེར་ཏེ་ཡུལ་སྐོར་བ་དེ་བས་མང་བས་ཞང་ཞུང་རིག་གནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་བསྡུར་དང་། ས་འོག་ནས་ཐོན་པའི་རིག་དངོས་འགྲེམས་སྟོན། ངོ་མཚར་ཆེ་བའི་ཞང་ཞུང་གི་རིག་རྩལ་འཁྲབ་སྟོན་སོགས་ནང་དོན་དུ་བྱས་པའི“ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ”འདི་ལོའི་ཟླ་7ཚེས་28ཉིན་འགོ་བཙུགས་ནས་ཡུལ་སྐོར་བའི་ཞང་ཞུང་རིག་གནས་ལ་ཤེས་རྟོགས་ཐུབ་ཚད་སྔར་བས་ཆེ་རུ་གཏོང་རྒྱུ་རེད།
         “རྩེར་སོན་གྱི་ཡུལ་སྐོར་ལམ་ཐིག་བཏོད་ནས་ཡུལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་དེས་མི་སེར་ཚོ་ས་ཆ་དེ་གར་ལས་ཞུགས་ཐུབ་ནས་དབུལ་སྒྲོལ་འབབ་འཕར་ཐུབ་རྒྱུ་མ་ཟད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ནང་དོན་ཕུན་སུམ་ཚོགས་སུ་འགྲོ་བར་ཡང་ཕན་ཐོགས་ཡོད”ཅེས་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱིན་ཝུའེ་མིན་གྱིས་བཤད།
         བསྡོམས་རྩིས་བྱས་པ་ལས་མངོན་པར། 2017ལོར་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་པ་ཐད་ཀར་རམ་ཡང་ན་བརྒྱུད་ནས་ཡུལ་སྐོར་ལས་རིགས་ལ་ཞུགས་པའི་མི་གྲངས་ཁྲི་1.2ཙམ་ཟིན་ནས་འབབ་འཕར་སྒོར་དུང་ཕྱུར་1.53བྱུང་བས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཚང་བའི་གྲོང་ཚོ་དབུལ་པོ་11གི་ཡུལ་སྐོར་འཕེལ་རྒྱས་གཏོང་ནུས་ཆེ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།