མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་ཡུང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་ཡུང་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཛམ་གླིང་དངུལ་ཁང་དབར་དུས་ཡུན་རིང་པོའི་མཉམ་ལས་བཟང་པོ་ལྡན་ཡོད། འཛམ་གླིང་དངུལ་ཁང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་ཧུར་ཐག་བྱས་པར་ང་ཚོས་བསྔགས་བརྗོད་བྱེད་པ་དང་ཆབས་ཅིག་ཉེ་བའི་ལོ་ཤས་ནང་མ་དངུལ་གཏོང་མང་དུ་གཏོང་བ་དང་རྐང་དབང་སྒྱུར་བཅོས་ཐད་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད། ཀྲུང་གོ་ཚུད་པའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཡང་ཆེ་རུ་བཏང་ཡོད་པ་རེད། འཛམ་གླིང་དངུལ་ཁང་ནི་ཕྱོགས་མང་རིང་ལུགས་དང་དཔལ་འབྱོར་གོ་ལ་ཅན་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་ཚོང་དོན་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོར་དབུལ་པོ་ཉུང་དུ་གཏོང་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་ལ་སྲུང་སྐྱོང་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་པ་བྱེད་པ་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་མིག་སྔའི་འཛམ་གླིང་ནི་སའི་གོ་ལའི་གྲོང་ཚོ་ཞིག་ཡིན་པ་དང་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་མཚོན་ཚུལ་གསར་པ་ཟམ་མི་ཆད་པར་ལྡན་རུང་། རྒྱལ་ཁབ་ཁག་གི་ཁེ་ཕན་འབྲེལ་འདྲིས་དང་། ལས་དབང་གཅིག་འབྲེལ། དཔལ་འབྱོར་གོ་ལ་ཅན་བཅས་བཀག་ཀྱང་འགོག་ཐབས་བྲལ་བ་ཞིག་ཡིན་པས་མཉམ་ལས་གཉིས་ཕན་ནི་དུས་ཀྱི་འཁོར་ཕྱོགས་ཤིག་རེད། ཀྲུང་གོའི་འཕེལ་རྒྱས་ཀྱིས་དཔལ་འབྱོར་གོ་ལ་ཅན་དང་ཚོང་དོན་རང་དབང་ཅན་ལ་ཕན་པ་ཡོད་པ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད་པ་རེད། ཀྲུང་གོར་དོན་དངོས་དང་མ་མཐུན་པའི་སྐྱོན་འཛུགས་བྱེད་པར་ང་ཚོས་ངོ་རྒོལ་བྱས་ནས་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བརྟན་པོ་བྱེད་དགོས། འགན་འཁྲི་འཁུར་ཐུབ་པའི་རྒྱལ་ཁབ་ཆེན་པོ་ཞིག་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་སྤྱིའི་མ་ལག་འཛུགས་སྐྲུན་པ་དང་ལེགས་སྐྱེས་ཕུལ་མཁན་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཚོང་དོན་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཁག་དང་མཉམ་དུ་མཉམ་ལས་ཆེན་པོ་བྱེད་པའི་ལས་དོན་སྒྲུབ་སྟེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། ང་ཚོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་ནི་རྒྱལ་སྤྱིའི་ལམ་སྲོལ་གྱི་རྨང་གཞིའི་ཐོག་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱས་པ་བརྒྱུད་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།