མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་སྤྱི་
ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙུའུ་ལའེ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་སྤྱི་ཁྱབ་ལས་འཛིན་ཨ་ཙུའུ་ལའེ་ཀྲུང་གོར་ཐེངས་དང་པོ་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་ཐོག་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་ལས་དབང་དེ་བས་དམ་པོར་སྦྲེལ་ནས་ཡོད། མིའི་རིགས་ཀྱི་ཤེས་དཔལ་ནི་སྣ་མང་མཉམ་གནས་ཤིག་རེད། དུས་རབས་གསར་པར་སླེབས་པའི་ཀྲུང་གོས་ཕྱོགས་གཅིག་ནས་རིག་གནས་ཀྱི་གདེང་ཚོད་མཐའ་འཁྱོངས་བྱས་ཏེ་སློབ་གསོ་དང་། ཚན་རྩལ། རིག་གནས་བཅས་ཀྱི་བྱ་གཞག་འཕེལ་རྒྱས་བཏང་ནས་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་བཏང་བ་དང་། གཅིག་ཤོས་ནས“འཛམ་གླིང་སྤྱི་མོས”དང་ཞི་བདེ་མཉམ་ལས་མཉམ་འཚོའི་སྲོལ་རྒྱུན་འདུ་ཤེས་འཛིན་པ་དང་རྒྱལ་ཁབ་ཁག་གི་རིག་གནས་ཕན་ཚུན་བརྩི་འཇོག་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུའི་ལྟ་ཚུལ་འཛིན་གྱི་ཡོད་ཅེས་གསུངས་པ་རེད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། དམངས་སེམས་གཅིག་སྒྲིལ་ལའང་སྐུལ་འདེད་བཏང་ཡོད། ཀྲུང་གོས་འཛམ་གླིང་གི་ཤེས་དཔལ་གླེང་མོལ་དང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་རིག་སྟོབས་ཀྱི་མཉམ་ལས་རྩ་འཛུགས་ཆེ་ཤོས་ཤིག་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་ཆེད་ནུས་པ་གལ་ཆེན་འདོན་ཆོག ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་དབར་གྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་ལྷིང་ངང་འཕེལ་རྒྱས་གཏོང་རྒྱུ་དེ་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་ཕྱོགས་གཉིས་ཀྱིས་མཉམ་ལས་ཟབ་ཏུ་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སློབ་གསོ་དང་། ཚན་རྩལ། རིག་གནས། བྱ་གཞག་བཅས་ཡར་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།