འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མི་ལོ་བཅུ་ཡི་དུས་ཚོད་ནང་། བརྩེ་སེམས་བོད་རིགས་ཁུལ་དུ་བཅངས།

    —— 2018ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་ཀན་ལྷོར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྤེལ་སྐབས་སུ་བྲིས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བདུན་པའི་ཀན་ལྷོའི་ས་གཞི་ཆེ་མོའི་ཕྱོགས་བཞི་མཚམས་བརྒྱད་སྔོ་ཐིང་ངེར་གནས་པ་དང་སྦྲང་ཆར་ཟིལ་མས་མུ་མཐའ་མེད་པའི་རྩྭ་ཐང་བརླན་པར་བྱས་པས་གང་སར་བཀྲ་ཤིས་ཀྱི་རྣམ་པ་དང་དགོད་སྒྲས་ཁེངས། ཟླ་7ཚེས་8ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་ཡིད་དབང་འཕྲོག་པའི་ས་མཐོའི་ཡུལ་སྲོལ་གོམས་འདྲིས་ཅི་དགར་མངོན་པར་བྱས་ཡོད།
         ཟླ་7ཚེས་8ཉིན། རྒྱལ་ས་པེ་ཅིང་དང་རྒྱལ་ཡོངས་ནས་ཡོང་བའི་སྨན་བཅོས་སྒྲིག་གཞི་200ལྷག་ཙམ་གྱི་སྨན་དོན་རིགས་གཅིག་མཁས་ཅན་དང་། གཅེས་སེམས་མི་སྣ། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན། དང་བླངས་པ་བཅས་མི་1000ལྷག་ཙམ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ལྟེ་བ་ཡིན་པའི་གཙོད་གྲོང་ཁྱེར་དུ་འབྱོར་ནས་དུས་ཡུན་གཟའ་འཁོར་གཅིག་གི“ཐོག་མའི་བསམ་འདུན་མ་བརྗེད་པར་ཀན་ལྷོར་བལྟ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་2018ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད་ཀན་ལྷོར་སྐྱོད”ཅེས་པའི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྤེལ་འགོ་ཚུགས།
         ཁོང་ཚོས་ཀན་ལྷོའི་ལྟེ་བ་ཡིན་པའི་གཙོས་གྲོང་ཁྱེར་ཚུད་པའི་དམར་ཆུ་ཤང་དང་། ཀླུ་ཆུ་རྫོང་། ཐེ་བོ་རྫོང་། ཅོ་ནེ་རྫོང་། བསང་ཆུ་རྫོང་། འབྲུག་ཆུ་རྫོང་། བ་ཙེ་རྫོང་བཅས་སུ་ནད་བརྟག་སྨན་བཅོས་བྱེད་སྒོ་སྤེལ་ཞིང་། དེའི་ནང་གཙོ་བོ་འོས་འགན་སྐོར་སྐྱོད་ནད་བརྟག་སྨན་བཅོས་དང་། གཅེས་སེམས་དངུལ་ཞལ་འདེབས། ལྷན་སྐྱེས་སྙིང་ནད་དང་ཐུམ་འབུའི་ནད་རག་འདེམས་དང་སྐྱོབ་རོགས། བརྒྱུད་རོགས་ཁྲིད་སློབ་བཅས་བྱ་རྒྱུ་དང་དེ་བཞིན་རི་སྐྱེས་ཀྲུང་ལུགས་སྨན་རྩྭའི་ཐོན་ཁུངས་སྲུང་སྐྱོང་རྟེན་གཞི་བསྐྲུན་པ་དང་ཀྲུང་གོའི་བདེ་ཐང་གྲོང་གསེབ་ཡག་པོ་བསྐྲུན་པ་སོགས་ཀྱི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཚུད་ཡོད་པ་རེད།
         ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་བོད་རིགས་རང་སྐྱོང་ཀྲོའུ་ཆེན་པོ་བཅུའི་གྲས་ཤིག་ཡིན་པ་དང་། བོད་རིགས་སྤུན་ཟླའི་མི་འབོར་མང་པོ་ཡོད། དུས་ཡུན་རིང་པོའི་ནང་། ས་བབ་ཆགས་སྟངས་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་སྨན་བཅོས་ཆ་རྐྱེན་གྱི་སྤྱིའི་ཆུ་ཚད་ཅུང་རྗེས་སུ་ལུས་པས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་། ནད་གཞིས་རྐྱེན་པས་དབུལ་ལོག་ཐེབས་པའི་སྣང་ཚུལ་སྔར་བཞིན་གནས་ཡོད། 2013ལོར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོས་ཀན་ལྷོ་ཀྲོའུ་རུ་ཀྲོའུ་དེ་བཙུགས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ལྷན་སྐྱེས་སྙིང་ནད་རག་འདེམས་དང་སྐྱོབ་རོགས་ཀྱི་ལས་དོན་སྤེལ་ཡོད།
         ཟླ་7ཚེས་8ཉིན། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་བདེ་ཐང་སློབ་གླིང་ཀན་ལྷོ་ཡན་ལག་སློབ་གླིང་གི་སྒོ་བྱང་དངོས་སུ་བཀལ་བ་རེད།
         ཟླ་7ཚེས་9ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་ལོ་77ལ་སླེབས་པའི་ཀའོ་རུན་ལིན་སྨན་ཁང་དུ་འབྱོར་མ་ཐག་ལྷན་སྐྱེས་སྙིང་ནད་ཕོག་མཁན་གྱི་ནད་ཁང་ལ་ཞིབ་བཤེར་བྱས། ལོ་9ལ་སོན་པའི་བུ་རྒྱལ་ལོ་ལོ་ལྔའི་གོང་པེ་ཅིང་ཨན་ཀྲེན་སྨན་ཁང་དུ་གཤགས་བཅོས་དང་ལེན་བྱེད་མྱོང་ཡོད། ད་ཆ། ཡོན་ཧྲི་ཀའོ་ལགས་ཀྱིས་བྱམས་བརྩེའི་ངང་ཁོ་ལ“གཤགས་བཅོས་བྱས་རྗེས་དྲག་སྐྱེད་བྱུང་འདུག་གམ”“རོགས་པ་དང་མཉམ་དུ་རྩེད་མོ་རྩེ་སྐབས་ཁོང་ཚོའི་རྗེས་ཟིན་གྱི་འདུག་གམ”ཞེས་འདྲི་སྐབས་བུ་རྒྱལ་ལོས་འཚེར་སྣང་དང་བཅས་མགོ་བོ་གཡུག་གཡུག་བྱས། དེ་རྗེས། ཡོན་ཧྲི་ཀའོ་ལགས་ཀྱིས་ཁོ་ལ་བརྟག་དཔྱད་དེ་བས་ཞིབ་ཚགས་བྱས། བརྙན་པར་དཔྱད་ཡིག་བརྒྱུད་རྒྱལ་ལོའི་གཤགས་བཅོས་རྗེས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས། ཡོན་ཧྲི་ཀའོ་ལགས་ཀྱིས་བུ་རྒྱལ་ལོའི་སེམས་ནད་ཡོངས་སུ་བསལ་ནས“སླར་གསོ་ཡག་པོ་བྱུང་འདུག སེམས་ཁྲལ་བྱེད་དགོས་མི་འདུག ཕར་ལོག་རྗེས་སློབ་སྦྱོང་ཡག་པོ་བྱོས”ཞེས་རྒྱལ་ལོ་ལ་བརྗོད། ད་དུང་ཡོན་ཧྲི་ཀའོ་ལགས་སླར་ཡང་བསང་ཁོག་ཤང་འཕྲོད་བསྟེན་ཁང་དུ་ཡོང་ནས་དེ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་ཡོན་ཧྲིའི་སློབ་ཚན་ཆེན་པོ་ཁྲིད་ཅིང་། ཁོང་གིས“ཤེས་རྟོགས་བྱས་པ་བརྒྱུད། དེ་ཁུལ་གྱི་མི་30%ལ་ཁྲག་ཤེད་མཐོ་བའི་ནད་ཕོག་འདུག ང་ཚོས་ཁྲག་ཤེད་མཐོ་བའི་ནད་བཅོས་དགོས་དོན་གང་ཡིན་ནམ། དེ་ནི་རང་རྒྱལ་གྱི་གྲོང་མི་43%ལ་སྙིང་ནད་དང་ཀླད་པའི་ཁྲག་རྩའི་ནད་ཕོག་ནས་འཆི་གི་ཡོད་པས་རེད། སྙིང་ནད་དང་ཁྲག་རྩའི་ནད་ཕོག་པའི་མི་10ཡི་ནང་ནས་6ནི་ཁྲག་ཤེད་མཐོ་བའི་ནད་ལས་ནད་གཞི་དེ་ཐོན་གྱི་ཡོད། གལ་ཏེ་ང་ཚོས་ཁྲག་ཤེད་མཐོ་བའི་ནད་ཚོད་འཛིན་ཡག་པོ་ཐུབ་ཚེ། སྙིང་ནད་དང་ཁྲག་རྩའི་ནད་ཐོན་རྒྱུ་ཚོད་འཛིན་མངོན་གསལ་དོད་པོ་ཐུབ་ཀྱི་རེད”ཅེས་ཡོན་ཧྲི་ཀའོ་ལགས་ཀྱིས་དེ་ཁུལ་གྱི་ཞིང་འབྲོག་པར་ཁྲག་ཤེད་མཐོ་བ་སོགས་ཀྱི་རྒྱུན་མཐོང་ནད་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱེད་སྐབས་དེ་ལྟར་བརྗོད།
         ཟླ་7ཚེས་9ཉིན། ཀན་ལྷོ་ཁུལ་མི་དམངས་སྨན་ཁང་ནད་སྡོད་ཁང་དུ་ཡོད་པའི་ལོ་30ལ་སླེབས་པའི་བོད་རིགས་པད་མ་ཚེ་རིང་མཛོད་དགེ་སྟོད་མ་ཤང་ནས་ཡིན་པ་དང་། ཉེ་དུས་ཀྲོའུ་སྨན་ཁང་དུ་བརྟག་དཔྱད་བྱེད་སྐབས་མཆིན་པའི་ཐུམ་འབུའི་ནད་དང་མཁྲིས་པའི་ནད་ཕོག་ནས་གཤགས་བཅོས་བྱེད་དགོས་པ་ཤེས་རྟོགས་ཐུབ། ནད་གཞི་དེ་མ་ཕོག་གོང་། ཕྲུ་གུ་གསུམ་གྱི་པ་ཕ་ཡིན་པའི་པད་མ་ཚེ་རིང་ཕྱི་ཕྱོགས་སུ་གླ་པ་རྒྱུག་པ་དང་ཆུང་མས་ཁྱིམ་དུ་ཕྲུ་གུར་ལྟ་རྟོག་བྱས་ནས་སྡོད་ཀྱི་ཡོད། ལས་ཀ་བརྟན་པོ་མེད་པའི་དབང་གིས་ཁྱིམ་ཚང་འཚོ་བའི་ཐད་དཀའ་ངལ་ཆེན་པོ་ཡོད། ད་ཐེངས་རྒྱལ་སའི་རིགས་གཅིག་མཁས་ཅན་རིན་མེད་ངང་གཤགས་བཅོས་བྱེད་པར་ཡོང་བ་ཐོས་རྗེས་ནང་མི་ཚང་མ་དགའ་པོ་དང་བློ་བདེ་པོ་ཞིག་བྱུང་ཡོད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ལག་བསྟར་ཡོན་ཀྲང་ཏུང་ཅ་མིང་གིས་པད་མ་ཚེ་རིང་ལ་མཆིན་པའི་ཐུམ་འབུའི་ནད་གཤགས་བཅོས་བྱས་མ་ཐག་ཡིན་པ་དང་།
         གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས་མཆིན་པའི་ཐུམ་འབུའི་ནད་ནི་བོད་རིགས་འབྲོག་པའི་ཁྱིམ་ཚང་དུ་མང་པོ་མཐོང་རྒྱུ་ཡོད་པའི་འགོས་ནད་ཅིག་རེད། དེའི་ནད་ཕོག་ཚད་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད་ཅེས་བརྗོད། ད་ཐེངས“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་བྱེད་སྒོས་ཁྱོན་མཆིན་པའི་ཐུམ་འབུའི་ནད་ཕོག་མཁན་6གྲལ་བཤེར་ཐུབ་པས་ཁོང་ཚོ་ཚང་མ་གཤགས་བཅོས་བྱེད་དགོས་ཀྱི་ཡོད་པ་དང་། ནད་པ་དེ་དག་གཤགས་བཅོས་བྱས་པ་བརྒྱུད་དྲག་སྐྱེད་ཐུབ་སྲིད་ཅེས་བརྗོད།
         ཟླ་7ཚེས་9ཉིན། གཙོས་གྲོང་ཁྱེར་སྣ་བུག་གྲོང་རྡལ་འཕྲོད་བསྟེན་ཁང་། ལོ་49ལ་སླེབས་པའི་བློ་བཟང་བསྟན་འཛིན་ནི་སྣ་བུག་གྲོང་རྡལ་འབྲོས་སྡེ་གྲོང་ཚོ་ནས་ཡིན་ཞིང་། ལོ་གསུམ་གྱི་གོང་སྦག་སྦག་གི་ལས་འཛོལ་ཐོན་ནས་མིག་གཡོན་པའི་མིག་ཤེད་ཉམས། ཀྲུང་གོའི་སེམས་པ་མཉམ་གཏོད་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་པུ་ཀྲང་སྨན་སྦྱོར་སྲོལ་གཏོད་མཁན་ཀྲའོ་པུ་ཀྲང་གིས་ས་གནས་ས་ཐོག་ཏུ་གསེར་ཁབ་བརྒྱབ་རྗེས། བློ་བཟང་བསྟན་འཛིན་གྱིས་བྱང་ཆ་དེ་ཙམ་མེད་པའི་རྒྱ་སྐད་བརྒྱབ་ནས་ཅ་དངོས་ལ་ལྟ་སྐབས་གསལ་པོ་མཐོང་གི་འདུག་ལ་ལུས་པོའང་ཧ་ཅང་བདེ་པོ་འདུག་ཅེས་གསར་འགོད་པར་བཤད་བྱུང་། ལོ་81ལ་སླེབས་པའི་དགེ་རྒན་ཆེ་མོ་བ་ཀྲའོ་ལགས་ཀྱིས་ཉིན་ཕྱེད་ཏག་ཏག་ནད་པར་རྩ་ལྟ་བ་དང་གསེར་ཁབ་རྒྱག་པ་སོགས་སྨན་བཅོས་ལ་བྲེལ། ཁོམ་པ་བྱུང་རིམ་བཞིན་ཁོང་གིས་ཁེ་ལས་ཤིག་གི་ཆ་ནས་སྤྱི་ཚོགས་ལ་འགན་འཁྲི་འཁུར་སེམས་ཡོད་དགོས་ལ་ལས་འགན་སྒྲུབ་སེམས་ཀྱང་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
         ཟླ་7ཚེས་9ཉིན་གྱི་སྔ་དྲོ། ཆུ་མ་རྫོང་སྨན་ཁང་། སི་ཁྲོན་རྔ་པ་ནས་ཡིན་པའི་ལོ་23ལ་སོན་པའི་གཞོན་ནུ་མ་སྦྲུམ་མ་ཞིག་གློ་བུར་དུ་གྲོད་པར་ན་ཟུག་བཏང་ནས་བཟའ་ཟླ་དང་མཉམ་དུ་སྨན་ཁང་དེའི་དོས་དྲག་ཁང་དུ་སླེབས། ནད་གཞིའི་གནས་ཚུལ་ལ་གཞིགས་ནས་སྨན་པས་Bསྒྲ་རླབས་བརྒྱབ་ནས་ལྟ་ཞིབ་བྱས་ཀྱང་སྐབས་ཤིག་རིང་ན་རྐྱེན་བརྟག་དཔྱད་ཐུབ་མེད། ལས་གནས་ཐོག་འབྱོར་མ་ཐག་པའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྨན་བཅོས་རུ་ཁག་པེ་ཅིང་གློག་ཤུགས་སྨན་ཁང་བུད་མེད་ཚན་ཁག་གི་ཀྲུའུ་རེན་ཁྲེན་ཧྲེང་ཐིང་གིས་Bསྒྲ་རླབས་བརྒྱབ་པའི་བརྒྱུད་རིམ་ནང་ནད་པར་མངལ་འཁོར་ནས་ཟླ་བ་བཞི་ཕྱིན་པ་ཤེས་རྟོགས་བྱུང་བ་དང་། བུ་སྣོད་འོག་གི་ཤ་སྣག་གས་ཡོད་པས། གལ་ཏེ“ནད་པའི་བུ་སྣོད་ཀྱི་འོག་བརྟོལ་ན་ཁྲག་མང་པོ་ཐོན་སྲིད་པས་ལམ་སེང་གཤགས་བཅོས་བྱེད་དགོས་པའི”བརྟག་དཔྱད་ཐུབ། ནང་མི་དང་ཐེངས་མང་གྲོས་བསྡུར་བྱས་པ་བརྒྱུད་དུས་ཚོད་དམ་འཛིན་གྱིས་ཚེ་སྲོག་སྐྱོབ་འགོ་ཚུགས། ཨེམ་རྗེ་ཁྲེན་ལགས་ཀྱི་གཞོགས་འདེགས་འོག་གནས་དེ་གའི་སྨན་པས་བདེ་བླག་ངང་གཤགས་བཅོས་བྱས་པ་རེད།
         འདི་ལོ་ནི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་རྣམ་གྲངས་ལག་ལེན་བསྟར་ནས་ལོ་10འཁོར་བའི་ལོ་ཞིག་རེད། ལོ་བཅུའི་རིང་། མཐའ་མཚམས་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་སྨན་བཅོས་བདེ་ཐང་ལ་ཞབས་འདེགས་ཞུ་བ་དང་དབུལ་སྒྲོལ་ལ་རོགས་སྐྱོར་བྱེད་རིང་རྣམ་གྲངས་དེ་རིམ་བཞིན་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་ཕྱིན་ནས་བོད་རིགས་ས་ཁུལ་ཆེན་པོ་ལྔ་ལ་བསྐྱོད་དེ་ཕན་འབྲས་དེ་བས་ཆེ་བ་དང་དམིགས་སའི་རང་བཞིན་དེ་བས་ཆེ་བའི་བདེ་ཐང་གི་སྤྱི་ཕན་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཐོག་བདེ་ཐང་དབུལ་སྐྱོར་གྱི་བྱ་ཐབས་སྣ་ཚོགས་བཏོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།