འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྱུར་འཕེལ་ཨུ་ལྷན་གྱིས་བྱ་ཐབས་ལྔ་བཏོན་ནས་གློག་རིན་བཅག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་གི་སྤྱིར་བཏང་གི་བཟོ་ལས་དང་ཚོང་ལས་ཀྱི་གློག་རིན་ཆ་སྙོམས་10%གཅོག་རྒྱུའི་སྐོར་གྱི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱ་ཆེད། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་《གློག་དྲ་དང་གློག་སྒྱུར་གློག་འདོན་ལྷུ་ཚིགས་ཀྱི་གྲོན་བསྡུའི་འབྲེལ་ཡོད་དོན་ཚན་གཙང་སེལ་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》བསྡུ་རྒྱུ)འགྲེམས་སྤེལ་བྱས་ནས་སྔར་ལས་ལྷག་པའི་ངང་སྲིད་གཞུང་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྟ་སྡོམ་ཐབས་ལམ་གསར་གཏོད། ཞབས་ཞུ་ལེགས་གཏོང་བཅས་ཀྱི་ཐོག་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
          གློག་དྲའི་ཁེ་ལས་ཀྱི་སྒེར་སྡེམ་རང་བཞིན་གྱི་ཞབས་ཞུའི་གྲོན་བསྡུའི་རྣམ་གྲངས་ཁག་གཅིག་མེད་པར་བཟོས་ཤིང་། 《བརྡ་ཐོའི》ནང་གློག་དྲའི་ཁེ་ལས་ཀྱི་མཁོ་འདོན་བྱས་པའི་གློག་འདྲེན་དང་གློག་སྦྱོར། དེ་བཞིན་འབྲེལ་ཡོད་ཞབས་ཞུའི་ནང་ཐོན་པའི་གྲོན་དངུལ་གློག་སྒྱུར་དང་གློག་སྦྱོར་གྱི་མ་གནས་ནང་འཇུག་དགོས་པ་དང་། གློག་འདྲེན་དང་གློག་སྦྱོར་རིན་གོང་ཕྱིར་བསྡུ་ཐུབ་པ་བརྒྱུད་མིང་གཞན་དག་གི་ཐོག་ནས་གློག་སྤྱོད་མཁན་གྱི་ས་ནས་མིང་སྒྱུར་གྱི་གྲོན་དངུལ་སླར་ཡང་བསྡུ་མི་ཆོག གློག་དྲའི་ཁེ་ལས་ཀྱིས་གློག་ཤུགས་སྤྱོད་མཁན་ནས་བསྡུས་པའི་གློག་སྒྱུར་ས་ཚིགས་བར་མཚམས་བཟུང་སྤྱོད་གྲོན་དངུལ་དང་། ཚད་འཇལ་སྒྲིག་ཆས་དག་བཤེར་གྲོན་དངུལ། གློག་ཤུགས་ཐེག་ཚད་དོ་དམ་མཐའ་སྣེའི་སྒྲིག་ཆས་ཀྱི་གྲོན་དངུལ་སོགས་ཀྱི་གྲོན་བསྡུའི་རྣམ་གྲངས་མེད་པར་བཟོ་དགོས་པ་དང་། གློག་འདོན་གྱི་གཞི་རྩའི་ཞབས་ཞུའི་ནང་འཇུག་ཆོག་པའི་གློག་གི་གཱ་གསབ་གཉེར་གྱི་བཟོས་དངུལ་དང་། གློག་བསྐྱར་གཏོང་གྲོན་དངུལ། སྤྱོད་མཁན་སྒྱུར་བའི་གྲོན་དངུལ་སོགས་ཀྱི་གྲོན་བསྡུའི་རྣམ་གྲངས་དང་། དེ་བཞིན་ཞབས་ཞུའི་ནང་དོན་དང་འདྲ་པོ་ཡོད་པའི་སྒེར་སྡེམ་རང་བཞིན་གྱི་གྲོན་བསྡུའི་རྣམ་གྲངས་གཞན་དག་མེད་པར་བཟོ་དགོས། གློག་དྲའི་ཁེ་ལས་ཀྱིས་གློག་ཤུགས་སྤྱོད་མཁན་ལ་ཚད་འཇལ་སྒྲིག་ཆས་དག་བཤེར་དང་། གློག་བསྐྱར་གཏོང་ཞབས་ཞུ་ཐེངས་གསུམ་ལས་བརྒལ་བ་དང་གློག་དྲའི་ཁེ་ལས་ཀྱི་འགན་འཁྲི་མིན་པའི་རིགས་གློག་སྤྱོད་མཁན་གྱིས་འབྲེལ་ཡོད་གྲོན་དངུལ་གྱི་འགན་འཁུར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《བརྡ་ཐོའི་》ནང་ཞིང་ཆེན་རིམ་པའི་རིན་གོང་གཙོ་གཉེར་སྡེ་ཚན་གྱིས་ལྟ་སྡོམ་ནན་དུ་བཏང་ནས་ཉར་འཇོག་བྱེད་དགོས་རིགས་ཀྱི་སྒེར་སྡེམ་རང་བཞིན་གྱི་ཞབས་ཞུའི་གྲོན་དངུལ་རྣམ་གྲངས་དག་ས་གནས་ཀྱི་རིན་གོང་གཏན་འཁེལ་དཀར་ཆག་དང་སྲིད་གཞུང་གི་རིན་གོང་གཏན་འཁེལ་བྱེད་པའི་གཉེར་སྐྱོང་རང་བཞིན་གྱི་གྲོན་བསྡུའི་དཀར་ཆག་གསལ་ཐོར་གཞིར་བཟུང་དོ་དམ་ནན་པོ་བྱེད་དགོས་པ་དང་འབྲེལ། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་དགོས་པ་དང་། གསལ་ཐོའི་ནང་བཅུག་མེད་པའི་རྣམ་གྲངས་ཚང་མར་གྲོན་དངུལ་བསྡུ་མི་ཆོག་ཅེས་བསྟན་ཡོད་པ་རེད།
         གློག་སྒྱུར་དང་གློག་འདོན་ལྷུ་ཚིགས་སུ་ལུགས་དང་མི་མཐུན་པར་གློག་རིན་མཐོ་རུ་གཏོང་བའི་བྱེད་སྤྱོད་ཕྱོགས་ཡོངས་ནས་གཙང་སེལ་དང་ཚད་ལྡན་དུ་གཏོང་ཤིང་། གློག་སྒྱུར་དང་གློག་འདོན་ནི་གློག་དྲའི་ཁེ་ལས་ཀྱིས་ཐད་ཀར་མཐའ་སྣེའི་གློག་སྤྱོད་མཁན་ལ་གློག་འདོན་མ་ཐུབ་པས་བྱེད་པོ་གཞན་དག་གིས་གློག་སྒྱུར་དང་གློག་འདོན་བྱེད་དགོས་པའི་བྱེད་སྤྱོད་ཅིག་རེད། མིག་སྔར། ས་གནས་ཁག་གཅིག་གི་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་དང་། ཐོན་ལས་གླིང་། སྡེ་ལས། ཡིག་ལས་ཐོག་ཁང་སོགས་ལ་གློག་སྒྱུར་དང་གློག་འདོན་བྱེད་པའི་ལྷུ་ཚིགས་ནང་ལུགས་དང་མི་མཐུན་པའི་གློག་རིན་མཐོར་གཏོང་གི་སྣང་ཚུལ་གནས་ཡོད་པ་དང་། རྒྱལ་ཁབ་ཀྱིས་སྤྱིར་བཏང་གི་བཟོ་ལས་དང་ཚོང་ལས་ཀྱི་གློག་རིན་དམའ་རུ་ཐེངས་མང་གཏོང་བའི་བྱ་ཐབས་དོན་འཁྱོལ་ནུས་ལྡན་ཐུབ་མེད་པ་རེད།
         《བརྡ་ཐོའི་》ནང་དུད་ཚང་རེར་གློག་ཚད་ལྟ་ཆས་རེ་བསྒར་བའི་ཆ་རྐྱེན་ལྡན་པའི་གློག་ཤུགས་སྤྱོད་མཁན་ལ་གློག་དྲའི་ཁེ་ལས་ཀྱིས་རང་འགུལ་ངང་ཞབས་འདེགས་ཞུས་ནས་ཐད་ཀར་གློག་འདོན་གང་མགྱོགས་ཐུབ་པ་བྱེད་དགོས་པ་དང་འབྲེལ། དཀར་ཆག་དུ་བཀོད་པའི་གློག་རིན་གཞིར་བཟུང་བསྡོམས་རྩིས་རྒྱག་དགོས། ཐད་ཀར་གློག་འདོན་ཆ་རྐྱེན་མི་ལྡན་པའི་རིགས་ལ་གློག་སྒྱུར་དང་གློག་འདོན་མུ་མཐུད་བྱེད་དགོས་པ་དང་། གློག་སྒྱུར་དང་གློག་འདོན་བྱེད་པོས་འདི་ལོའི་ཚུན་གྱི་གློག་རིན་གཅོག་པའི་སྲིད་ཇུས་དང་བྱ་ཐབས་ཚང་མ་དུད་སྣེ་སྤྱོད་མཁན་ལ་བརྒྱུད་བསྒྲགས་བྱེད་དགོས། ཞིང་ཆེན་རིམ་པའི་རིན་གོང་གཙོ་གཉེར་སྡེ་ཚན་གྱིས་གློག་དྲའི་ཁེ་ལས་དང་མཉམ་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་གློག་སྒྱུར་དང་གློག་འདོན་ལྷུ་ཚིགས་སུ་ཐོལ་པ་བསྡུ་བའི་གྲོན་དངུལ་གཞན་དག་གཙང་སེལ་བྱས་ནས་སྒྲིག་འགལ་ངང་གློག་རིན་སྤོར་བ་དང་། རྒྱལ་ཁབ་ཀྱི་གློག་རིན་སྲིད་ཇུས་ལག་བསྟར་མི་བྱེད་པའི་གློག་སྒྱུར་དང་གློག་འདོན་བྱེད་པོའི་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         ད་དུང་སྒྱུར་འཕེལ་ཨུ་ལྷན་གྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགྲེམས་སྤེལ་བྱས་པའི་གློག་དྲའི་གྲོན་དངུལ་གཙང་སེལ་གྱི་སྲིད་ཇུས་གང་མགྱོགས་དོན་འཁྱོལ་ཐུབ་པ་བྱེད་ཅིང་། གཅིག་ནས་སྤྱོད་མཁན་གྱི་གནས་སྐབས་གློག་སྦྲེལ་གྲོན་དངུལ་ཕྱིར་སློག་དགོས་པ་དང་། གཉིས་ནས་ཚ་ནུས་ལྷག་མ་དང་། རླངས་པ་ལྷག་མ་སོགས་ཀྱི་རང་གྲབས་གློག་ཁང་གི་སྲིད་ཇུས་རང་བཞིན་གྱི་སྤེལ་མའི་ཁ་གསབ་དང་མ་ལག་གི་གྲབས་སྤྱོད་གྲོན་དངུལ་སྲིད་ཇུས་དོན་འཁྱོལ་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།