འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་རི་འཛེག་སྤེལ་རེས་འདུ་ཚོགས་ལྷ་སར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་རི་འཛེག་སྤེལ་རེས་འདུ་ཚོགས་ལྷ་སར་འཚོགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། ཀྲུང་གོའི་བོད་ལྗོངས་རི་འཛེག་མཐུན་ཚོགས་དང་ཕ་ཁི་སི་ཐན་རི་མཐོའི་སྐྱིད་སྡུག་གི་རི་འཛེག་སྤེལ་རེས་འདུ་ཚོགས་ལྷ་སར་འཚོགས་པ་དང་། ཕྱོགས་གཉིས་པོས་རི་མཐོ་པོ་འཛེག་རྒྱུ་ལམ་ལྷོངས་བྱུང་བའི་ཉམས་མྱོང་དང་། རི་འཛེག་མཉམ་ལས་ཟབ་གཏོང་། རི་འཛེག་ལུས་རྩལ་ལ་སྐུལ་མ་གཏོང་བ་སོགས་ཐད་སྤེལ་རེས་བྱས་པ་རེད།
        འདི་ལོ་ནི་ཀྲུང་གོའི་བོད་ལྗོངས་རི་འཛེག་རུ་ཁག་གིས་མཐོ་ཚད་སྨི་8000ཡན་གྱི་འཛམ་གླིང་གི་རི་བོ་མཐོ་གྲས་14བདེ་བླག་ངང་འཛེགས་ནས་ལོ་11འཁོར་བའི་ལོ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། མཐོ་ཚད་སྨི་8000ཡན་གྱི་འཛམ་གླིང་གི་རི་བོ་མཐོ་གྲས་14འཛེགས་མཁན་མྱུལ་དཔྱད་རུ་ཁག་1992ལོར་དངོས་སུ་བཙུགས་པ་མ་ཟད། 1995ལོར་ཕ་ཁི་སི་ཐན་དུ་ཐེངས་དང་པོ་བསྐྱོད་ནས་མཐོ་ཚད་སྨི་8034ཟིན་པའི་འཛམ་གླིང་གི་རི་བོ་མཐོ་གྲས་བཅུ་གསུམ་པ་ཅ་ཧྲུའུ་པུའུ་ལུའུ་མུའུ་རི་བོ་གཉིས་པ་ལེགས་གྲུབ་ལྡན་པའི་ངང་འཛེགས་པ་དང་། 1997ལོར་ཀྲུང་ཕ་མཉམ་འབྲེལ་རི་འཛེག་རུ་ཁག་གིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ(མཐོ་ཚད་སྨི་8844.43)དང་འཛམ་གླིང་གི་རི་བོ་མཐོ་པོ་དགུ་པ་གནམ་ལྕགས་འབལ་འབོལ་ཐེ(མཐོ་ཚད་སྨི་8125)ཡི་ལ་རྩེར་ལེགས་གྲུབ་ལྡན་པའི་ངང་འཛེགས་ཡོད། ད་བར་ཀྲུང་ཕ་ཕྱོགས་གཉིས་པོས་མཉམ་འབྲེལ་རི་འཛེག་བྱེད་སྒོ་ཐེངས་10ཙམ་སྤེལ་བ་དེས་ཀྲུང་ཕའི་མཉམ་འབྲེལ་རི་འཛེག་གི་མཛའ་གྲོགས་ཟབ་ཏུ་ཆེས་ཆེར་ཕྱིན་ཡོད་པ་རེད།
          ཕ་ཁི་སི་ཐན་རི་མཐོའི་སྐྱིད་སྡུག་གི་ཀྲུའུ་ཞི་ཨ་པུའུ·ཀྲ་ཧྥར·ས་ཏི་ཁ་ཡིས་ཕ་ཀྲུང་རྒྱལ་ཁབ་གཉིས་པོས་རི་འཛེག་ཁྱབ་ཁོངས་སུ་མཉམ་ལས་བྱས་ནས་ལོ་20ལྷག་ཙམ་སོང་བ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྱང་ཀྲུང་གོས་རི་འཛེག་སྒྲིག་བཀོད་འཛུགས་སྐྱོང་ཐད་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ཕ་ཀྲུང་རྒྱལ་ཁབ་གཉིས་པོས་རི་འཛེག་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཕྱོགས་སུ་སྐུལ་སྤེལ་བཏང་སྟེ་མཉམ་ལས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལི་གོ་ཝུའེ་ཡིས་བོད་ལྗོངས་རི་འཛེག་རུ་ཁག་གི་རུ་མིས་ལོ་14ཡི་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་མཐོ་ཚད་སྨི་8000ཡན་གྱི་འཛམ་གླིང་གི་རི་བོ་མཐོ་གྲས་14བདེ་བླག་ངང་འཛེགས་པའི་དཔའ་ཉམས་ལྡན་པའི་བྱ་སྤྱོད་བསྒྲུབས་ནས་ཀྲུང་གོའི་རི་འཛེག་མཁས་པ་མི་རབས་འགའ་ཤས་ཀྱི་ཕུགས་འདུན་མངོན་འགྱུར་བྱས་ཡོད་ཅེས་གསུངས་པ་རེད།
         རི་བོ་མཐོ་པོ་བཅུ་བཞིར་འཛེག་མཁན་ཀྲུང་གོའི་བོད་ལྗོངས་མྱུལ་དཔྱད་རུ་ཁག་གི་རུ་དཔོན་བསམ་གྲུབ་ཀྱིས་ཀྲུང་གོའི་བོད་ཀྱི་རི་འཛེག་མྱུལ་དཔྱད་རུ་ཁག་དང་ཕ་ཁི་སི་ཐན་རི་མཐོའི་སྐྱིད་སྡུག་གིས་རྒྱལ་ཁབ་གཉིས་པོའི་རི་འཛེག་བྱ་གཞག་འཕེལ་རྒྱས་དང་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད་པ་དང་། སླད་ཕྱིན་ཕྱོགས་གཉིས་པོས་རི་འཛེག་ཁྱབ་ཁོངས་ཀྱི་འཕེལ་རྒྱས་སྔར་བས་རྒྱ་ཆེར་བཏང་སྟེ་ཐུན་མོང་གི་ཁེ་ཕན་མངོན་འགྱུར་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད། འདི་ནི་ཀྲུང་ཕ་མཉམ་འབྲེལ་རི་འཛེག་དྲན་གསོའི་འདུ་ཚོགས་ཀྱི་ཚོགས་ཞུགས་འཐུས་མིས་དྲན་རྟེན་པར་རྒྱག་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།