འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་དང་ཡུལ་སྐོར་པུས་རྒྱ་ཆེའི་ཡུལ་སྐོར་བར་ཕྱི་རྒྱལ་དུ་རང་འདོད་ཡུལ་སྐོར་བྱེད་སྐབས་
    བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། དབྱར་ཁའི་གུང་གསེང་རིང་གི་ཡུལ་སྐོར་བྱེད་མང་བའི་ནམ་དུས་འཆར་ལ་ཉེ་བའི་སྐབས་སུ་ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་སྐྱོད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། འདི་ལོའི་དབྱར་ཁར་མཚོ་ཐོག་གླིང་ཕྲན་དུ་ཡུལ་སྐོར་བྱེད་མཁན་རྒྱུན་མཐུད་ངང་འཕར་བཞིན་ཡོད་པས་རང་འདོད་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་མང་དུ་ཕྱིན་ཡོད། རྒྱ་ཆེའི་ཡུལ་སྐོར་བར་བདེ་འཇགས་དང་། སྤྲོ་སྣང་། སྐྱིད་སྣང་བཅས་ལྡན་པའི་གུང་གསེང་གཏོང་ཐུབ་རྒྱུའི་འགན་ལེན་བྱ་ཆེད། ཟླ་7ཚེས་9ཉིན་རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཡུལ་སྐོར་བར་ཡུལ་སྐོར་དང་ཕྱི་འབྲེལ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་ཕྱིར་སྐྱོད་དྲན་སྐུལ་ལ་དོ་ཁུར་དམ་ཟབ་བྱེད་པ་དང་། ཡུལ་སྐོར་དམིགས་སའི་གནམ་གཤིས་དང་། འཕྲོད་བསྟེན། འགྲིམ་འགྲུལ། སྤྱི་ཚོགས་བདེ་འཇགས་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ། འགྲུལ་བཞུད་ཀྱི་ཉེན་ཁར་སྔོན་ཚུད་ནས་དཔྱད་དཔོག་བཅས་བྱས་ནས་འཇིགས་སྐུལ་འཇབ་རྒོལ་ཡང་ཡང་ཐོན་པ་དང་། ཆབ་སྲིད་ཀྱི་དུས་བབ་བརྟན་པོ་མེད་པའམ་ཡང་ན་ནད་ཡམས་ཚབས་ཆེན་ཐོན་པའི་རྒྱལ་ཁབ་དང་ས་ཁུལ་ལ་ཡུལ་སྐོར་དུ་འགྲོ་སྐབས་ཡིད་གཟབ་བྱེད་པའམ་ཡང་ན་གནས་སྐབས་སྐྱོད་མི་རུང་། དུས་གཏན་གནམ་གྲུའི་དུས་ཚོད་ནར་འགྱངས་ཀྱི་འགན་བཅོལ་རིགས་ཉོ་བ་དང་། ལམ་ཐིག་བཀོད་སྒྲིག་བྱ་རྒྱུར་ཡིད་གཟབ་བྱེད་པ། གནམ་གྲུའི་སྤ་སེ་ཉོ་སའི་མཁའ་འགྲུལ་ཀུང་སི་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས་པ་དང་འབྲེལ་འགྲུལ་བཞུད་ལམ་ཐིག་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་དེ་གར་ལུས་པའི་ཉེན་ཁར་དོགས་ཟོན་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
            དཔྱོད་ཤེས་ཀྱིས་རྣམ་གྲངས་བདམས་ནས་ཆུ་དང་འབྲེལ་བའི་བདེ་འཇགས་ལ་དོ་སྣང་བྱེད་དགོས། ཕྱི་རྒྱལ་དུ་རང་འདོད་ཡུལ་སྐོར་བྱེད་པར་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་ཡུལ་སྐོར་དང་རོལ་རྩེད་རྣམ་གྲངས་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་སྦྲགས། འབྲེལ་ཡོད་ཀྱི་ཉེན་ཁ་དང་བདེ་འཇགས་ཀྱི་གཏན་འབེབས་ཤེས་རྟོགས་གང་ལེགས་བྱེད་དགོས། ཕྱི་རོལ་དུ་ལུས་རྩལ་རྩེད་པར་གཉེར་སྐྱོང་ཚད་ལྡན་ཡིན་པ་དང་། དོ་དམ་བྱེད་མཁན་ཡོད་པ། སྲོག་སྐྱོབ་ཀྱི་ནུས་པ་ལྡན་པ་བཅས་ཀྱི་སྒྲིག་གཞི་དང་ས་ཆ་འདེམས་པ་དང་ཆབས་ཅིག ཕྱི་རོལ་གྱི་བྱེད་སྒོར་ཞུགས་སྐབས་རོགས་པ་དང་མཉམ་དུ་སྐྱོད་གང་ཐུབ་བྱེད་པ་ལས་རྨོངས་ཚོད་ངང་མྱུལ་དཔྱད་བྱེད་མི་རུང་།
           འཁོར་རིགས་བོགས་མར་ལེན་སྐབས་ཡིད་གཟབ་བྱས་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་ནན་འགོག་བྱེད་དགོས། འཁོར་རིགས་བོགས་མར་ལེན་པར་ཁྲིམས་མཐུན་གྱི་ཁ་ལོ་བའི་ལག་ཁྱེར་ཡོད་དགོས་པ་དང་། གཉེར་སྐྱོང་གི་ཐོབ་ཐང་ཡོད་པའི་འགྲིམ་འགྲུལ་ཡོ་ཆས་འདེམས་པ་དང་འབྲེལ། འབྲེལ་ཡོད་འགྲིམ་འགྲུལ་གྱི་འགན་བཅོལ་ཉོ་རྒྱུ་བློ་ལ་བརྟན་པོ་ངེས་དགོས། ཕྱིར་མ་སྐྱོད་གོང་ཡུལ་སྐོར་གྱི་ལམ་ཐིག་ལུགས་མཐུན་ངང་འཆར་འགོད་བྱས་ནས་གཞུང་ལམ་གྱི་གནས་ཚུལ་དང་ས་གནས་དེ་གའི་འགྲིལ་འགྲུལ་གྱི་སྒྲིག་སྲོལ་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས་པ་དང་འབྲེལ། ངལ་དུབ་འཁོར་གཏོང་དང་ཆང་བཏུངས་འཁོར་གཏོང་རིགས་གཏན་འགོག་བྱས་ཏེ་ཕྱིར་སྐྱོད་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།
           བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྐུ་འཕྲོག་གི་ཉེན་ཁར་དོགས་ཟོན་བྱེད་དགོས། དབྱར་ཁའི་གུང་གསེང་རིང་ནི་རྐུ་འཕྲོག་གི་གྱོད་གཞི་ཐོན་མང་ཤོས་ཀྱི་དུས་ཡིན་པས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལག་ཐོགས་ཁ་པར་ཐོག་འབྱོར་བའི་ཕྱི་རྒྱལ་གྱི་བདེ་འཇགས་དྲན་སྐུལ་གྱི་འཕྲིན་ཐུང་ལ་དུས་ཐོག་ཏུ་དོ་སྣང་བྱེད་པ་དང་འབྲེལ། བདེ་སྲུང་སོགས་ཀྱི་བདེ་འཇགས་ཉེན་ཁར་དུས་བསྟུན་གྱིས་དོ་སྣང་བྱེད་དགོས། ལུས་ཐོག་ཏུ་དངུལ་སྨར་ཕོན་ཆེན་མི་འཁྱེར་བ་དང་། མགྲོན་ཁང་གི་ཁང་པའི་ནང་རྩ་ཆེའི་དངོས་པོ་མི་འཇོག་པ། རླངས་འཁོར་ལ་སྡོད་པ་དང་། ལྟ་སྐོར་ལ་འགྲོ་བ། ཅ་དངོས་ཉོ་བ་བཅས་བྱེད་སྐབས་མི་དང་དངུལ་ཁུག་གཉིས་ཁ་མི་འབྲལ་བ་བྱེད་དགོས། མཚན་མོ་ཕྱི་ལ་ཉུང་ཙམ་སྐྱོད་པ་དང་གང་ཐུབ་ཅི་ཐུབ་ངང་རོགས་པ་དང་མཉམ་དུ་ཕྱི་ལ་སྐྱོད་དགོས་པའི་གྲོས་འགོ་བཏོན་ཡོད།
           འཕྲིན་གཏོང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ནས་ལག་ཁྱེར་ལ་བདག་གཅེས་ཡག་པོ་བྱེད་དགོས། ཡུལ་སྐོར་བྱེད་རིང་མཉེན་ཉེ་དང་དུས་ཐོག་ཏུ་འབྲེལ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དགའ་སྤྲོ་མཉམ་སྤྱོད་བྱེད་པ་དང་ཆབས་ཅིག་བདེ་འཇགས་ཡིན་ལུགས་ཤོད་དགོས། ལམ་ཡིག་དང་ཐོངས་མཆན་ཡག་པོ་ཉར་དགོས་པ་དང་། ལམ་ཡིག་དང་ཐོངས་མཆན་གྱི་པར་སློག་སྔོན་ནས་ཉར་དགོས་པ་དང་འབྲེལ་མ་དེབ་དང་ལོགས་སུ་བཞག་ནས་འཕྲལ་དུ་སྤྱོད་ཐུབ་པའི་གྲ་སྒྲིག་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།
           ཡུལ་སྐོར་གྱི་བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་བཅོལ་ཉོས་ནས་ལུགས་མཐུན་ཁྲིམས་མཐུན་གྱིས་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཕྱི་རྒྱལ་དུ་ཡུལ་སྐོར་ལ་སྐྱོད་སྐབས་རྟག་ཏུ་ཚོད་དཔག་ཐེབས་ཐབས་མེད་པའི་ཡུལ་སྐོར་གྱི་ཉེན་ཁ་མང་པོ་འཕྲད་ཀྱི་ཡོད་པས། ཕྱིར་མ་སྐྱོད་གོང་འོས་འཚམ་གྱི་ཕྱི་རྒྱལ་དུ་ཡུལ་སྐོར་ལ་སྐྱོད་པའི་བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་བཅོལ་ཉོ་བ་དང་། ཡུལ་སྐོར་གྱི་རྣམ་གྲངས་གཟབ་ནན་ངང་འདེམས་པ། ཐབས་ལམ་ཡང་དག་བརྒྱུད་ནས་སྡོད་ཁང་དང་བཟའ་བཅའ་སོགས་ཐོན་རྫས་ཀྱི་ཞབས་ཞུ་སྔོན་མངགས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།