འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་2000ཟིན་པའི་ཨ་རིར་ཕྱིར་གཏོང་
    བྱེད་པའི་ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་བསྡུ་རྒྱུ་མང་དུ་གཏོང་རྩིས་ཡོད་པའི་གསལ་ཐོ་
    ཁྱབ་བསྒྲགས་བྱས་པར་ལན་བསློགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་2000ཟིན་པའི་ཨ་རིར་ཕྱིར་གཏོང་བྱེད་པའི་ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་བསྡུ་རྒྱུ་མང་དུ་གཏོང་རྩིས་ཡོད་པའི་གསལ་ཐོ་ཁྱབ་བསྒྲགས་བྱས་པར་ལན་སློག་སྐབས། དེ་ནི་ཕྱོགས་རྐྱང་རིང་ལུགས་དང་ཕྱོགས་མང་རིང་ལུགས། སྲུང་སྐྱོང་རིང་ལུགས་དང་རང་མོས་ཚོང་དོན། བཙན་དབང་དང་སྒྲིག་སྲོལ་བཅས་ཀྱི་འཐབ་རྩོད་ཅིག་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་ཕྱོགས་མང་ཚོང་དོན་སྒྲིག་གཞི་དང་སྒྲིག་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
            ཚེས་11ཉིན་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་སྐྱོན་སྐབས། ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེ་ནི་དཔེ་མཚོན་གྱི་ཚོང་དོན་བཙན་དབང་རིང་ལུགས་ཤིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དགོས་ངེས་ཀྱི་ཕར་རྒོལ་བྱས་ནས་རང་ངོས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།
           ཧྭ་ཁྲུན་ཡིང་གིས། ད་ལྟའི་དུས་སྐབས་ལ་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཚད་གཞི་མི་འདྲ་བའི་སྒོ་ནས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་དང་མཉམ་འདྲེས་བྱས་ཡོད་པས་ཕན་ཚུན་དབར་གཅིག་ལ་གཅིག་རྟེན་དང་དར་རྒུད་མཉམ་གནས་ཐུབ་ཡོད། རང་ཉིད་ལ་ཕན་པ་ཐོབ་དགོས་ན་སྔོན་ལ་གཞན་ལ་ཕན་པ་བསྐྲུན་རྒྱུ་ནི་ཡང་དག་པའི་གདམ་ག་ཞིག་རེད། གལ་ཏེ“རྒྱལ་ཕམ་འཐབ་རྩོད་ཀྱི”རྗེས་ལུས་ཀྱི་བསམ་བློ་བརྟན་སྲུང་བྱེད་པ་དང་། རང་གཤིས་གྱོང་པོས་ཚོང་དོན་རྩོད་གཞི་བསླངས་ཚེ་ཕྱོགས་གཉིས་པོའི་ཁེ་ཕན་ལ་གནོད་འཚེ་བཟོ་བ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་གི་ཕྱོགས་ཁག་གི་ཁེ་ཕན་ལའང་གནོད་ཚེ་བཟོས་ནས་རྒྱལ་ཁ་ཐོབ་མཁན་ཡོང་མི་སྲིད། ཀྲུང་གོའི་ཕྱིར་གཏོང་དངོས་ཟོག་གི་40%དང་ཚན་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་གི་གསུམ་ཆ་གཉིས་ཚང་མ་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ནས་ཐོན་པ་ཤ་སྟག་རེད་ཅེས་བཤད།
          “ཨ་རི་ཕྱོགས་ཀྱིས་གོ་ལ་ཧྲིལ་པོར་རྩོད་གཞི་སློང་བ་ཞིག་རེད་ལ་རང་ཉིད་ལའང་རྩོད་གཞི་བཟོས་པ་ཞིག་རེད། རྒྱལ་སྤྱིའི་དཔལ་འབྱོར་ལས་རིགས་ཀྱི་དབང་གྲགས་ལྡན་པའི་མི་སྣ་མང་པོ་ཞིག་གིས་ཨ་རི་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་དེ་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད་ལ། རང་གཞན་གཉིས་ཕུང་དང་མི་སེམས་མི་ཐོབ་པ་ཞིག་རེད་ཅེས་བརྗོད་ཡོད”ཅེས་ཧྭ་ཁྲུན་ཡིང་གིས་བཤད།
          ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕྱོགས་རྐྱང་རིང་ལུགས་ལ་འགོག་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ནས་ཕྱོགས་མང་ཚོང་དོན་སྒྲིག་གཞི་དང་རང་མོས་ཚོང་དོན་གྱི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་དགོས། “འདི་ནི་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཅིག་ལ་ལྡན་དགོས་པའི་འགན་འཁྲི་དང་ལས་འགན་ཞིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།