འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཉ་ལས་
    རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་སྙན་ཞུ་ཡོངས་བསྒྲགས་བྱས་ནས་འབྱུང་འགྱུར་ལོ་བཅུ་ཡི་རིང་གོ་ལ་ཧྲིལ་པོའི་ཉ་ལས་ཐོན་ཚད་མངོན་གསལ་དོད་པོས་འཕར་རྒྱུ་རེད། འོན་ཀྱང་ལས་རིགས་འཕེལ་རྒྱས་ལ་འགྲན་སློང་གལ་ཆེན་འཕྲད་སྟབས་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་སྦགས་བཙོག་དང་འཕྲོ་བརླག་ཉུང་དུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
              ཉིན་དེར་ཡོངས་བསྒྲགས་བྱས་པའི་《འཛམ་གླིང་གི་ཉ་ལས་དང་ཆུ་ཟོག་གསོ་ཚགས་ཀྱི་གནས་ཚུལ་》གྱི་སྙན་ཞུ་གསར་ཤོས་ལས་སྔོན་དཔག་བྱས་པར་གཞིགས་ན། 2030ལོར་སླེབས་སྐབས་ཉ་འཛིན་པ་དང་ཆུ་ཟོག་གསོ་ཚགས་བྱས་པ་ལས་བྱུང་བའི་ཉ་རིགས་ཀྱི་སྤྱིའི་ཐོན་ཚད་མིག་སྔའི་ཚད་གཞི་ལས་18%ཙམ་འཕར་ནས་ཏུན་དུང་ཕྱུར་2.01ཟིན་རྒྱུ་རེད།
             སྙན་ཞུའི་ནང་སླད་ཕྱིན་ཐོན་ཚད་ཀྱི་འཕར་ཚད་མངོན་འགྱུར་ཡོང་བར་ཉ་ལས་དོ་དམ་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་དང་གྱོང་གུན་དང་འཕྲོ་བརླག་ཉུང་དུ་བཏང་ནས་ཁྲིམས་འགལ་ངང་ཉ་འཛིན་པ་དང་། ཆུའི་ཁོར་ཡུག་སྦགས་བཙོག གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐག་གཅོད་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་བསྟན་ཡོད།
           “འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་བཟོས་པའི་འཛམ་གླིང་ལ་བཀྲེས་ལྟོགས་དང་འཚོ་བཅུད་མི་འདང་བའི་གནས་ཚུལ་མི་ལྷག་པའི་དམིགས་ཚད་དུ་སླེབས་པར་ཉ་ལས་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། དཔལ་འབྱོར་འཕར་བ་དང་དབུལ་སྐྱོར་དཀའ་སེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཉ་ལས་ཀྱིས་འབུལ་བའི་ལེགས་སྐྱེས་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད”ཅེས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་རོ་ཙེ·ཀེ་ལ་ཆི་ཡ་ནོ·ཏ་ཞིར་ཝས་ཉ་ལས་འཕེལ་རྒྱས་སྐོར་གླེང་སྐབས་དེ་ལྟར་བརྗོད།
             ཁོང་གིས་དེ་དང་ཆབས་ཅིག“ཉ་ལས་ཐད་འགྲན་སློང་སྣ་ཚོགས་འཕྲད་བཞིན་ཡོད་པའི་ནང་ཉ་རིགས་འགའ་ཤས་འཛིན་ཉུང་དུ་བཏང་ནས་སྐྱེ་དངོས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་རྐྱེན་མི་ཕོག་པ་བྱེད་དགོས”ཞེས་བཤད།
            འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་བཏོན་པའི་ཉ་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ནུས་ལྡན་དང་ཚད་ལྡན་ངང་ཉ་རིགས་བཟུང་ནས་ཚད་བརྒལ་ངང་ཉ་འཛིན་པ་དང་། ཁྲིམས་འགལ་ངང་ཉ་འཛིན་པ། གནོད་འཚེའི་རང་བཞིན་གྱིས་ཉ་འཛིན་པ་བཅས་མཚམས་འཇོག་བྱེད་པ་དང་ཆབས་ཅིག་ཚན་རིག་དང་མཐུན་པའི་དོ་དམ་ཇུས་གཞི་སྤྱད་དེ་ཉ་རིགས་ཀྱི་ཐོན་ཁུངས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
            སྙན་ཞུའི་ནང་རྒྱུན་མཐུད་ཆོག་པའི་ཉ་ལས་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་དབར་དང་ལྷག་པར་དུ་སྲིད་ཇུས་ཐད་ཀྱི་མཐུན་སྦྱོར་དང་ནོར་སྲིད་དང་མི་ཤུགས་ཐོན་ཁུངས་སྐོང་འཐེན་དང་། དེ་བཞིན་སྔོན་ཐོན་ལག་རྩལ་བེད་སྤྱོད་ཐད་མཉམ་ལས་ནུས་ལྡན་བྱེད་དགོས། དེ་དང་ཆབས་ཅིག་དེ་མཚུངས་ཀྱི་འཐབ་ཇུས་བཟོས་ནས་ཉ་ལས་སྡེ་ཚན་ལ་གནམ་གཤིས་འགྱུར་ལྡོག་དང་འཚམ་པ་དང་། དོགས་ཟོན་ལ་ཤུགས་སྣོན་རྒྱག་པ། རྒྱ་མཚོའི་སྙིགས་རོ་ཉུང་དུ་གཏོང་བ་སོགས་བྱས་ནས་ཚུར་བསྡུའི་འཆར་གཞི་རིམ་སྤོར་བྱས་ཏེ་རྒྱུན་འཁོར་དཔལ་འབྱོར་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།