འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ཆེན་གྱི་རྨ་ཆུའི་རགས་ཁ་ཤོར་སར་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཛ་
    དྲག་མྱུར་སྐྱོབ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན་གྱི་ཆུ་ཚོད་14ལ། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་མངའ་ཁོངས་ཀྱི་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་ཁ་མཐོ་ཚད་སྨི་42ལྷག་ཙམ་ཟིན་ནས་ཉེན་ཟོན་ཆུ་ཁ་ལས་སྨི་6གིས་མཐོ་བ་ཡོད་པ་དང་། གྲོང་ཁུལ་དུ་རགས་ཁ་མང་པོ་ཞིག་ཤོར་ནས་ཆུ་འཁྱིལ་བ། དུད་ཚང་མང་པོ་ཞིག་གི་ཁང་པ་ཆུ་ལོག་གིས་བསྣུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད་པ་རེད།
         “དུས་ཚོད་ནི་ཚེ་སྲོག་དང་གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་ཞིག་རེད”དྲག་ཆས་ཉེན་རྟོག་མགོ་ལོག་ཉིང་ལག་རུ་ཁག་ལ་གནོད་འཚེའི་གནས་ཚུལ་འབྱོར་འཕྲལ་རང་བྱུང་གནོད་འཚེའི་འཕྲལ་སྡོམ་ཉེན་སྐྱོབ་རོགས་སྐྱོབ་སྔོན་ཇུས་བཏོན་ནས་དཔོན་དམག་80ཙམ་གྱིས་འབྲུབ་འགོག་ཉེན་སེལ་ཡོ་བྱད་འཁྱེར་ནས་གེགས་ཁུལ་དུ་བསྐྱོད་དེ་རོགས་སྐྱོབ་བྱ་སྤྱོད་སྤེལ་བ་རེད།
         གནོད་འཚེའི་གནས་ཚུལ་མགྱོགས་མྱུར་ནུས་ལྡན་ངང་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉིང་ལག་རུ་ཁག་མདུན་སྐྱོད་བཀོད་འདོམས་སུའོ་ཡིས་མགྱོགས་མྱུར་རོགས་སྐྱོབ་ཇུས་གཞི་བཟོས་ཏེ་དཔོན་དམག་ཚོགས་ཆུང་དབྱེ་ནས་ཁྱིམ་དུད་རེ་རེ་བཞིན་གྱི་གྲོང་མིའི་སྡོད་ཁང་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་པ་དང་རགས་ཁ་ཤོར་སར་རིམ་པ་བཞིན་བཀག་སྡོམ་བྱས་ཏེ་འཁྱིལ་ཆུ་བཤངས་པ་རེད།
        རོགས་སྐྱོབ་བྱ་ཡུལ་དུ་ལས་འགན་འཁུར་མཁན་དཔོན་དམག་ཚོས“མི་སྐྲག་པ་གཉིས”ཀྱི་འཐབ་འཛིང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རོགས་སྐྱོབ་ཀྱི་དུས་ཚོད་རིང་བ་དང་། ལས་སྒྲུབ་ཀྱི་དཀའ་ཚད་ཆེ་བ། བཟའ་བཅའི་འགན་ལེན་དཀའ་བ་སོགས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ལས་དུས་འཕར་མ་བྱས་ནས་གནོད་འཚེ་ཐོན་ཡུལ་དུ་གཙང་བཟོ་བྱས་པ་རེད། ཆུ་ཚོད་བཅུ་གཉིས་རིང་འབད་འཐབ་བསྟུད་མར་བྱས་པ་བརྒྱུད། དཔོན་དམག་ཚོས་ཉེན་ཁར་གྱར་བའི་མང་ཚོགས་དུད་ཚང་6སྤོ་སྒྱུར་བྱས་པ་དང་། བྱེ་ཁུག་7600ལྷག་ཙམ་བཀངས་ནས་དབོར་ཏེ་ཆུ་རགས་སྨི་1000ལྷག་ཙམ་བརྟན་དུ་བཏང་བ་དང་རགས་ཁ་ཤོར་ས་4བཀག་པས་མི་གཅིག་ཀྱང་འཆི་རྨས་བྱུང་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།