འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྣམ་གྲངས་ཆུང་གྲས་ལ་བརྟེན་ནས་དམངས་འཚོར་སྐུལ་འདེད་བཏང་བ།

    —— བོད་རང་སྐྱོང་ལྗོངས་ལྷ་རི་རྫོང་གླིང་མཐིལ་ཤང་གི་ལས་གཏོད་དབུལ་སྐྱོར་ཕྱུག་འགྱུར་གྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྣམ་གྲངས་གཅིག་གིས་ཤང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་63%དབུལ་སྒྲོལ་ཐུབ་ཡོད།
         ཉེ་དུས་གསར་འགོད་པ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་བྱང་འདབས་སུ་ཡོད་པའི་གླིང་མཐིལ་ཤང་དུ་འབྱོར། ཤང་དེ་ཞིང་ཆེན་ལམ་305ཡི་འགྲམ་དུ་གནས་པའི་འགྲིམ་འགྲུལ་གྱི་ལེགས་ཆ་ལྡན་མོད། འོན་ཀྱང་ཐོན་ལས་གྲུབ་ཆ་རྐྱང་པ་ཡིན་པར་བརྟེན། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྫོང་དེ་ཡོངས་ནས་ཆུ་ཚད་དམའ་ཤོས་ཡིན་པ་དང་དབུལ་སྒྲོལ་ཐད་ལའང་དཀའ་ངལ་ཆེན་པོ་འཕྲད་ཡོད། འོན་ཀྱང་ཕྱིས་སུ་རྣམ་གྲངས་གང་ཞིག་ལ་བརྟེན་ནས་ཕན་འབྲས་ཆེན་པོ་དེ་འདྲ་ཐོབ་ཡོད་དམ།
         སྐད་ཆ་དྲིས་པ་བརྒྱུད། “མཉམ་ལས་ཁང+སློབ་ཆེན་སློབ་མའི་ལས་གཏོད+དུད་ཚང་དབུལ་པོའི”བྱེད་ཐབས་རྣམ་གྲངས་ཏེ་མཉམ་དར་ཕུགས་འདུན་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིས་ཤང་དེ་ཡོངས་ཀྱི་མང་ཚོགས་དབུལ་པོ་24ཡི་ལས་ཞུགས་ཐག་གཅོད་བྱས་ནས་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ཟིན་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་240ཡི་མི་1139ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་5000ཡན་རག་པ་ལས་བྱུང་བ་ཞིག་ཡིན་པ་ཤེས་བྱུང་།
         གླིང་མཐིལ་ཤང་འདི་ཉིད་ལྷ་རི་རྫོང་གི་ཤིན་ཏུ་དབུལ་བའི་ཤང་ཞིག་ཡིན་ཞིང་། དེའི་མངའ་འོག་ཏུ་སྲིད་འཛིན་གྲོང་ཚོ་བདུན་དང་ཤང་ཡོངས་སུ་དུད་ཚང་365དང་མི་1799ཡོད་ལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་240དང་མི་1139ཡོད་པ་རེད།
         2017ལོའི་ལོ་འགོར། ལྷ་རི་རྫོང་མི་སྤྱི་ཅུས་ཀྱིས་དུས་ཡུན་ཉིན་བདུན་གྱི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་མགོན་པོ་སོགས་ཆེད་ལས་སློབ་ཆེན་སློབ་མ་5གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
         “ལས་གཏོད་བྱ་རྒྱུའི་བསམ་བློ་སྔ་ས་ནས་ཡོད། འོན་ཀྱང་དེའི་ཐད་ཀྱི་སྲིད་ཇུས་ཧ་མི་གོ་བ་དང་གང་འདྲ་བྱེད་དགོས་མིན་ཤེས་ཀྱི་མི་འདུག ལས་གཏོད་གསོ་སྦྱོང་འཛིན་གྲྭར་ཞུགས་རྗེས། ང་དང་སློབ་གྲོགས་ཁ་ཤས་མཉམ་དུ་ལས་གཏོད་བྱེད་འགོ་ཚུགས་པ་ཡིན”ཞེས་གླིང་མཐིལ་ཤང་ནས་ཡིན་པའི་མགོན་པོས་ཕ་ཡུལ་གྱི་ཡིད་ཐང་ཆད་པའི་རྣམ་པར་ལྟ་བཞིན་བྱ་གཞག་གཉེར་རྒྱུའི་བློ་ཐག་བཅད།
         བརྟག་དཔྱད་ཞིབ་འཇུག་ཐེངས་མང་བྱས་པ་བརྒྱུད། མཐར་མགོན་པོས་གླིང་མཐིལ་ཤང་དུ་ཨར་འདམ་བརྫི་སའི་ས་ཚིགས་དང་པོ་སྟེ། མཉམ་དར་ཕུགས་འདུན་འཛུགས་སྐྲུན་ཚད་ཡོད་ཀུང་སི་འཛུགས་རྒྱུའི་སེམས་ཐག་བཅད།
        2017ལོར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་མགོན་པོ་དང་སློབ་གྲོགས་ལྔ་པོས་རྫོང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་པའི་དངུལ་སྒོར་ཁྲི་ཉི་ཤུའི་ཐོག་སྒོར་ཁྲི་100བསྣན་ནས་སྒྲིག་ཆས་ཉོས་པ་དང་ལག་རྩལ་པ་གདན་དྲངས་ནས་ཨར་འདམ་བརྫི་སའི་ས་ཚིགས་བཙུགས་པ་རེད།
         “རང་ཤང་གི་དུད་ཚང་དབུལ་པོའི་མི་ལྔ་ཡི་གླ་ཆ་ཕུད། ལོ་དང་པོར་ཁོང་ཚོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་50བྱུང་ཡོད”མཐའ་འཁོར་གྱི་རྣམ་གྲངས་མང་པོ་བསྐྲུན་འགོ་ཚུགས་པ་དང་རང་ཉིད་ཀྱི་ཀུང་སིའི་གཞི་ཁྱོན་ཆུང་བས་མངག་ཐོ་ཆེན་པོ་རག་ཐབས་བྲལ་བ་མཐོང་སྐབས་མགོན་པོར་སེམས་ཁྲལ་ཆེན་པོ་བྱུང་། “ང་ཚོས་ཀུང་སིའི་གཞི་ཁྱོན་ཆེ་རུ་གཏོང་དགོས་བསམ་ཡང་། མ་དངུལ་མེད་པར་བརྟེན། གོ་སྐབས་རེ་རེ་མི་དོར་ཀ་མེད་བྱུང”ཞེས་བཤད་བྱུང་།
         དཀའ་ངལ་འཕྲད་པའི་སྐབས་འདིར་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། གླིང་མཐིལ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཀྱང་དབུལ་སྐྱོར་ལས་གཏོད་རྣམ་གྲངས་ཧུར་ཐག་འཚོལ་རོགས་བྱས། རྟོག་ཞིབ་བྱས་པ་བརྒྱུད། ཤང་ཏང་ཨུད་དང་སྲིད་གཞུང་གིས་མགོན་པོས་བཙུགས་པའི་ཨར་འདམ་བརྫི་སའི་ས་ཚིགས་ཀྱི་རྣམ་གྲངས་ལ་རོགས་སྐྱོར་བྱས།
         “ཐོན་ཁུངས་མཉམ་སྤྱོད་དང་ལུགས་མཐུན་ངང་རང་བྱུང་ཐོན་ཁུངས་གསར་སྤེལ་བྱས་པ་དང་ཆབས་ཅིག་སྲིད་གཞུང་གི་རོགས་སྐྱོར་དང་། སྲིད་འཛིན་ལ་བརྟེན་ནས་སྐུལ་འདེད་གཏོང་བ། སྣེ་འདྲེན་གྱིས་སྣེ་ཁྲིད། ཁྲོམ་རས་སྣེ་ཁྲིད་སོགས་གསར་གཏོད་མཉམ་ལས་བྱེད་ཐབས་སྤྱད་ཡོད”གླིང་མཐིལ་ཤང་གི་ཤང་ཀྲང་ཀའོ་པོས་གསར་འགོད་པར། འདི་ལོའི་ལོ་འགོ་ནས་བཟུང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ཤང་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་གྲོང་ཚོ(གྲོང་ལྷན)“ཨུ་ལྷན”གཉིས་ཀྱི་ཚན་ཁག་དང་དུད་ཚང་དབུལ་པོའི་འཐུས་མིས་ཞིབ་འཇུག་བྱས་ཏེ“མཉམ་ལས་ཁང+སློབ་ཆེན་སློབ་མའི་ལས་གཏོད+དུད་ཚང་དབུལ་པོ”བཅས་ཀྱི་བྱེད་ཐབས་ལ་བརྟེན་རྒྱུའི་བློ་ཐག་བཅད་པ་དང་འབྲེལ། དོ་དམ་བྱེད་ཤེས་པ་དང་། གཉེར་སྐྱོང་ཤེས་པ། ལག་རྩལ་ཤེས་པ་བཅས་ཀྱི་སློབ་ཆེན་སློབ་མ་དང་མཉམ་ལས་བྱས་ཏེ་མ་རྐང་ནང་ཞུགས་པའི་བྱེད་ཐབས་ཐོག་ནས་སློབ་ཆེན་སློབ་མའི་ལས་གཏོད་ལས་ཞུགས་ལ་སྣེ་ཁྲིད་བྱ་རྒྱུ་དང་འབྲེལ་ས་གནས་སུ་ལས་གྲྭ་མང་བ་དང་མ་འཇོག་མང་བའི་གོ་སྐབས་དམ་འཛིན་བྱས་ཏེ་དུད་ཚང་དབུལ་པོའི་མི་སྣ་ལས་ཀར་བསྡུས་ནས་ས་གནས་དེ་གའི་དུད་ཚང་དབུལ་པོའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཡོད། འདི་ལོའི་ཟླ་བ་གསུམ་པར་མགོན་པོ་སོགས་ཀྱིས་བཙུགས་པའི་ཀུང་སིས་མཉམ་ལས་གྲོས་མཐུན་བཞག་ཡོད་ཅེས་བརྗོད་བྱུང་།
        “མཉམ་ལས་དེ་ལྟར་བྱས་པ་བརྒྱུད་ང་ཚོའི་ཤང་ཏང་ཨུད་དང་སྲིད་གཞུང་གིས་དངུལ་ཁང་ནས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་300གཡར་ནས་ཨར་འདམ་བརྫི་སའི་ས་ཚིགས་བཙུགས་པ་ཡིན། ཀའོ་པོ་ཡིས་གསར་འགོད་པར་རྩིས་ཤིག་བརྒྱབ་པར། ཨར་འདམ་བརྫི་སའི་ས་ཚིགས་ནས་ལོ་མཇུག་ཏུ་སྔོན་རྩིས་བྱས་ན་ཡོང་འབབ་ཁེ་གཙང་སྒོར་ཁྲི་1500རག་གི་ཡོད། གླིང་མཐིལ་ཤང་འབྲོག་པའི་མཉམ་ལས་ཁང་ལ་ཐོབ་ཆ་སྒོར་ཁྲི་906བགོ་བའི་ནང་ནས་དངུལ་སྒོར་ཁྲི་300“ཤང་གཅིག་དང་མཉམ་ལས་ཁང་གཅིག”གི་འཁོར་རྒྱུག་མ་དངུལ་དང་ཐོན་ལས་འཕེལ་རྒྱས་ཀྱི་མ་རྩར་བཞག་པ་དང་ལྷག་མ་སྒོར་ཁྲི་606ཚང་མ་ཤང་དེ་ཡོངས་ཀྱི་དུད་ཚང་240ཡི་མང་ཚོགས་དབུལ་པོ་1139ལ་བགོས་པས་མི་རེར་སྔོན་དཔག་བྱས་ན་ཆ་སྙོམས་ཡོང་འབབ་སྒོར་5320ཙམ་རག་ཡོད། ས་གནས་དེའི་སློབ་ཆེན་སློབ་མ་གཉིས་དངུལ་གཉེར་དང་རྩིས་པར་བསྡུས་པ་དང་དབྱར་རྩྭ་དགུན་འབུ་འཐུ་བའི་སྐབས་སུ་ཟླ་རེར་གླ་ཆ་སྒོར་8000སྤྲོད་པ་དང་རྒྱུན་དུ་ཟླ་རེར་གླ་ཆ་སྒོར་4500སྤྲོད་ཀྱི་ཡོད་པས་སློབ་ཆེན་སློབ་མ་གཉིས་ལ་ལོར་གླ་ཆ་སྒོར་ཁྲི་2.85བྱུང་ཡོད། དེ་དང་ཆབས་ཅིག་རྣམ་གྲངས་དེས་མང་ཚོགས་དབུལ་པོ་24ཡི་ལས་ཀ་ཐག་གཅོད་བྱས་པ་དང་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5བྱུང་ཡོད།
         རྣམ་གྲངས་བསྐྲུན་རྗེས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལམ་བུ་ཇེ་ཡངས་སུ་ཕྱིན་པ་མ་ཟད། མང་ཚོགས་དབུལ་པོར་སྣ་མང་གཉེར་སྐྱོང་འཕེལ་རྒྱས་གཏོང་རོགས་བྱས་པར་བརྟེན་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ནས་དབུལ་སྒྲོལ་ཐུབ་པའི་ཁར་མུ་མཐུད་འབབ་འཕར་ཐུབ་པ་བྱུང་ཡོད།
         རྣམ་གྲངས་ཆུང་གྲས་ལ་བརྟེན་ནས་དམངས་འཚོར་སྐུལ་འདེད་བཏང་ཞིང་། གླིང་མཐིལ་ཤང་གིས་བྱེད་ཐབས་གསར་གཏོད་དང་གནད་སྨིན་འཐབ་ཇུས་ལག་བསྟར་བྱས་ཏེ་ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ་མ་ཟད། མི་འབོར་དབུལ་པོ་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུ་དང་གསར་གཏོད་ཐོན་ལས་ཀྱི་དབུལ་སྐྱོར་བྱེད་ཐབས་ལ་དམིགས་ཏེ་གནད་སྨིན་ཐོག་ནས་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཏེ་ཤིན་ཏུ་དབུལ་བའི་ཤང་གྲོང་ལ་མུ་མཐུད་དབུལ་སྒྲོལ་གྱི་ལམ་བུ་འཚོལ་ཞིབ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།