འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཚོགས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲག་པོའི་གདོང་ཐུག་ཁྲོད་གནས་པའི་བྱིས་པར་
    སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་མཱ་ཁྲའོ་ཤུས་ཀྱིས། ཚེས་9ཉིན་བྱིས་པ་དང་དྲག་པོའི་གདོང་ཐུག་གནད་དོན་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རིམ་པ་མཐོ་བའི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲག་པོའི་གདོང་ཐུག་ཁྲོད་གནས་པའི་བྱིས་པར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
             ཚོགས་འདུའི་ཐོག་མཱ་ཁྲའོ་ཤུས་ཀྱིས་གཅིག་ནས་མ་བྱུང་སྔོན་འགོག་ཆེད་བྱིས་པ་རྣམས་ཀྱིས་ཞི་བདེར་གཅེས་སྤྲས་དང་དམག་འཁྲུག་ལ་ངོ་རྒོལ་བྱ་རྒྱུའི་སློབ་གསོ་བཏང་ནས་བྱིས་པ་ཚོར་ཐལ་སྐྱོད་ཀྱི་བསམ་བློའི་ཤན་མི་ཞུགས་པ་དང་འཇིགས་སྐུལ་རིང་ལུགས་པའི་གནོད་སྐྱོན་མི་ཕོག་པ་བྱེད་དགོས། ཕྱོགས་ཁག་གིས་བྱིས་པ་རྣམས་ལ་ཆུང་དུས་ནས“མཐུན་པོ་བྱུང་ན་མཆོག་གྱུར་ཡིན་པའི”བསམ་བློ་རྒྱུད་ལ་སྐྱེས་སུ་བཅུག་ནས་གཏུམ་སྤྱོད་དང་འགལ་བ་མི་ཐོན་པ་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱིས་དྲ་སྦྲེལ་ལ་བརྟེན་ནས་མི་བསྡུ་བ་དང་གཏུམ་སྤྱོད་ཀྱི་ཐལ་སྐྱོད་བྱེད་སྤྱོད་ངན་སྐུལ་བྱེད་པའི་བྱ་ངན་ལ་མཉམ་དུ་རྡུང་རྡེག་གཏོང་དགོས། ཁྱིམ་ཚང་དང་། སློབ་གྲྭ སྡེ་ཁུལ་བཅས་ཀྱི་ནུས་པ་འདོན་རྒྱུར་མཐོང་ཆེན་བྱས་ནས་བྱིས་པར་འཇིགས་སྐུལ་གྱི་ཐལ་སྐྱོད་བསམ་བློའི་གནོད་སྐྱོན་མི་ཕོག་པའི་རོགས་པ་བྱེད་དགོས། འཇིགས་སྐུལ་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འཇིགས་སྐུལ་རྩ་འཛུགས་ཀྱིས་མི་བསྡུ་བ་དང་། མི་གསོད་པ། མནར་གཅོད་གཏོང་བ། བྱིས་པ་བཙན་ཁྲིད་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་སྤེལ་རྒྱུར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་པ་དང་།
           གཉིས་ནས་དམག་མཚམས་འཇོག་པ་དང་གཏུམ་སྤྱོད་བཀག་འགོག་བྱས་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》གྱི་གཏན་འབེབས་བཞིན་བར་འདུམ་དང་། འདུམ་འགྲིག སྐད་ཆ་ཤོད་རེས། གྲོས་མོལ་སོགས་ཀྱི་ཆབ་སྲིད་ཀྱི་ཐབས་ལམ་སྣ་ཚོགས་སྤྱོད་རྒྱུར་སྐུལ་མ་བཏང་ནས་ཕྱོགས་ཁག་དབར་ཞི་བའི་ཐོག་ནས་རྩོད་གཞི་ཐག་གཅོད་ཡོང་བར་རྒྱབ་སྐྱོར་དང་ལྕག་སྐུལ་བཏང་སྟེ་དྲག་པོའི་གདོང་ཐུག་ཐོན་རྒྱུ་སྔོན་འགོག་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་གྱི་གླེང་མང་བའི་གནད་དོན་འོས་འཚམ་ངང་ཐག་གཅོད་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་མ་ཟད། བརྒྱུད་རིམ་དེའི་ཁྲོད་བྱིས་པའི་ཁེ་དབང་སྲུང་སྐྱོང་གང་ལེགས་བྱས་ནས་བྱིས་པ་རྣམས་གདོང་ཐུག་ཁྲོད་སྡུག་བསྔལ་གྱི་གནས་སུ་མི་ལྷུངས་པ་བྱེད་དགོས།
           གསུམ་ནས་ཕུགས་རྒྱང་རིང་པོའི་སྒོ་ནས་དོ་བདག་རྒྱལ་ཁབ་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རོགས་རམ་ཡོང་བ་བྱེད་དགོས། གདོང་ཐུག་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་དྲག་པོའི་གདོང་ཐུག་ཁྲོད་གནས་པའི་བྱིས་པར་འགན་འཁྲི་གཙོ་བོ་འཁུར་དགོས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་ལེན་ཏན་ཏིག་བསྟར་ནས་བྱིས་པ་སྲུང་སྐྱོབ་ཀྱི་ཇུས་གཞི་དང་འཆར་གཞི་ཁག་དོན་འཁྱོལ་བྱེད་པར་དོ་བདག་རྒྱལ་ཁབ་ཀྱིས་འབད་བརྩོན་དང་གཞོགས་འདེགས་བྱ་རྒྱུ་ནི་འགག་རྩ་ཡིན། དོ་བདག་རྒྱལ་ཁབ་ཀྱི་སྲིད་གཞུང་གི་གཙོ་ཁྲིད་ནུས་པར་བརྩི་འཇོག་གང་ལེགས་བྱས་ནས་ཕན་ཚུན་གྱི་སྐད་ཆ་ཤོད་རེས་དང་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་དེའི་བྱིས་པ་སྲུང་སྐྱོབ་ཀྱི་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས།
            བཞི་ནས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་བྱིས་པ་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། ཕྱོགས་བསྡུས་ཀྱི་བྱ་ཐབས་ལ་བརྟེན་ནས་དོ་བདག་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་དབུལ་ཕོངས་སེལ་བ་དང་། སློབ་གསོ་ཁྱབ་གདལ་གཏོང་བ། རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་སོགས་ཐད་འབད་བརྩོན་བྱ་རྒྱུར་རྒྱབ་སྐྱོར་དང་དྲག་པོའི་གདོང་ཐུག་གི་ཤུགས་རྐྱེན་ཕོག་པའི་བྱིས་པ་སྤྱི་ཚོགས་ཐོག་བདེ་བླག་ངང་ཕྱིར་ལོག་བྱ་རྒྱུར་རོགས་རམ་བྱེད་པ་དང་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ། བྱིས་པ་ཚོ་འབྱུང་འགྱུར་ཞི་བདེར་ལེགས་སྐྱེས་འབུལ་མཁན་དང་སྐུལ་འདེད་གཏོང་མཁན་ཡག་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།