འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་བོད་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་
    སྒོར་དུང་ཕྱུར་15ལྷག་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་ནས་ཤེས་རྟོགས་བྱུང་བར། 2017ལོར་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ཚད་ཏུན་ཁྲི་80ཙམ་ཟིན་པ་དང་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་15.79ཟིན་ནས་རང་བྱུང་འཐུང་ཆུའི་ཐོན་ལས་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་སྟེ་བོད་ཀྱི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་གྲས་ཤིག་ཏུ་གྱུར་ཡོད།
         བོད་ལྗོངས་ལ“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པ་དང་། དེ་ནི་རང་རྒྱལ་གྱི་ཆུའི་ཐོན་ཁུངས་འབེལ་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་རེད། གྲངས་གཞི་ལས་མངོན་དོན། བོད་ལྗོངས་ཀྱི་ལོ་མང་པོའི་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་དེ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་4394ཟིན་པ་དེས་རྒྱལ་ཡོངས་ཀྱི་16.5%བཟུང་བ་དང་། བོད་ཀྱི་རང་བྱུང་འཐུང་ཆུར་རང་བྱུང་དང་། དྭངས་གཙང་། བདེ་ཐང་སོགས་ཀྱི་ལེགས་ཆ་ལྡན་པས་གསར་སྤེལ་གྱི་གཏིང་ཤུགས་ཆེན་པོ་ལྡན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་བོད་དུ་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་35ཡོད་པ་དེའི་ཁྲོད་གཞི་ཁྱོན་ཡན་གྱི་ཁེ་ལས་6ཡོད་པ་དང་། ལྷ་ས་ལྟེ་བར་བྱས་པའི་གྲོང་ཁྱེར་དང་ས་ཁུལ་གཞན་དག་ལ་ཁྱབ་འགྱེད་སྣེ་ཁྲིད་བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད། ཐོན་སྐྱེད་བརྒྱུད་རིམ་40ལྷག་ཙམ་བསྐྲུན་པར་ཐོན་ནུས་བསྡོམས་འབོར་ཏུན་ཁྲི་400ལྷག་ཟིན་པ་དང་། ལས་རིགས་ཀྱི་སྤྱི་ཡོངས་ཀྱི་ཐོན་སྐྱེད་ལག་རྩལ་དང་དེ་བཞིན་བཟོ་རྩལ་གྱི་ཚད་གཞི་སྔོན་ཐོན་ཅན་དུ་གྱུར་ཡོད།
         བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གྲས་སུ་ཀྲུང་གོའི་གྲགས་ཅན་ཚོང་རྟགས་1དང་། རང་སྐྱོང་ལྗོངས་ཀྱི་ཚོང་རྟགས་གྲགས་ཅན་2ཡོད་པས། སྤུས་རྟགས་སྐྱེད་སྲིང་བྱེད་པར་ཕན་འབྲས་རགས་ཙམ་ཐོན་ཡོད།
         བོད་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ཐོན་སྐྱེད་རིན་ཐང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱིས་བོད་ཀྱི་མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་བཞིན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ནས་ཐད་ཀར་མི་5000ཡན་ལས་ཞུགས་ཐུབ་པ་དང་སྦྲགས་མི་ཁྲི་2ཙམ་ཞོར་དུ་ལས་ཞུགས་བྱ་རྒྱུའི་སྐུལ་ཁྲིད་ཐུབ་ཡོད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།