འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གཏེར་ལེན་ཁའི་བདེ་སྐྱིད་ལྡན་པའི་འཚོ་བའི་ཁྲོད་ཀྱི"མཐུན་སྒྲིལ་ཆེ་མོ"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་བ་དྲུག་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དར་སྐོར་ཁྱིམ་གཞིས་སུ་མི་རྣམས་ཀྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བ་དང་སྡེ་ཁུལ་ཡོངས་ནས་དགོད་སྒྲ་ལྷང་ལྷང་གྲགས་ཏེ་བདེ་སྐྱིད་འཆམ་མཐུན་གྱི་རྣམ་པ་ཞིག་ངང་གིས་མངོན་འོང་།
            དར་སྐོར་ཞེས་པའི་ཚིག་དེ་སོག་སྐད་དུ“དར་གོས་ཀྱིས་སྐོར་བའི་ས་ཆ”ཞེས་པར་གོ་ཡི་ཡོད། དར་སྐོར་ཁྱིམ་གཞིས་གཏེར་ལེན་ཁ་གྲོང་ཁུལ་གྱི་ནུབ་བྱང་རྒྱུད་དང་བར་ཐག་སྤྱི་ལེ་6ཆོད་པ་དང་ཁྱིམ་གཞིས་དེར་འབྱོར་སྐབས་དེ་གའི་མི་རིགས་ཀྱི་རྣམ་པ་ཟབ་མོ་ལས་མི་རྣམས་ལ་བདེ་སྐྱིད་དང་འཆམ་མཐུན་གྱི་རྣམ་པ་ཞིག་སྦྱིན་སྲིད། རྒྱལ་སྒོའི་མདུན་དུ་ལག་ཏུ་ཁ་བཏགས་འཁྱེར་བའི་སོག་རིགས་དང་བོད་རིགས་མི་རིགས་གཉིས་ཀྱི་ཕོ་ཉའི་བརྐོས་བརྙན་ཞིག་ཡོད་པ་དང་། གྱང་ངོས་ཀྱི་ལྡེབས་རིས་དང་ཐོག་ཁང་གི་བརྐོས་དཀྲོལ་ལས་དེང་རབས་གྲོང་ཁྱེར་དུ་སོག་རིགས་དང་བོད་རིགས་ཀྱི་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཟབ་མོ་ཞིག་མངོན་ལ། ཁང་པ་སྟར་པ་བཅུ་ལྷག་ཙམ་ནང་སྡོད་མཁན་གྱི་སོག་རིགས་དང་བོད་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་དུད་ཚང་800ལྷག་ཙམ་གྱི་བདེ་སྐྱིད་དང་འཆམ་མཐུན་གྱི་རྣམ་པ་ཞིག་ཀྱང་དེ་བས་མངོན།
           དབྱར་ཁ་ཤར་ཚུན་ཨ་ལའེ་ཐེང་ཚི་ཆི་ཀེའི་ནང་མིས་ཞོགས་སྔ་པོ་ནས་ཚོང་ཟོག་འཐེན་པ་དང་བསྒྲིགས་ནས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། ཁོང་ཁྱིམ་གྱི་ཚོང་ཁང་ནང་ཚོང་ཟོག་སྣ་ཁ་ཧ་ཅང་འཛོམས་པོ་ཡོད།
           2014ལོར་མཚོ་ཉིན་གྲོང་རྡལ་ནོར་གྲོང་ཚོ་དར་སྐོར་ཁྱིམ་གཞིས་ཀྱི་ཁང་གསར་དུ་སྤོས་ཚུན། མི་ཚེ་ཕྱེད་ཀ་ཙམ་ཕྱུགས་འཚོ་ནས་འཚོ་བ་སྐྱེལ་མཁན་ཨ་ལའེ་ཐེང་ཚི་ཆི་ཀེས་སྡེ་ཁུལ་གྱི་རོགས་རམ་འོག་དབུལ་སྐྱོར་གསར་སྤེལ་གྱི་མ་དངུལ་སྤྱད་དེ་བསྐྲུན་པའི་ཚོང་ཁང་ཞིག་རེ་ཞུ་ཐུབ་ནས“ཚེ་ཆི་ཀེའི་ཚོང་ཁང”ཞེས་པའི་སྒོ་བྱང་བཀལ་ནས་ཚོང་ཙག་ཙིག་རྒྱག་འགོ་ཚུགས་པ་རེད།
           ཚོང་ཁང་ཆུང་ཆུང་དེའི་སྐོར་གླེང་སྐབས། སྐབས་དེ་དུས“གང་འདྲ་བྱེད་དགོས་མིན་དང་སུ་ལ་སྤྲོད་དགོས་མིན”སྡེ་ཁུལ་གྱི་ལས་དོན་མི་སྣའི་དཀའ་གནད་དུ་གྱུར། སྡེ་ཁུལ་གྱི་མང་ཚོགས་ཚང་མ་རྩྭ་ཐང་ནས་བྲལ་ཏེ་དེ་གར་སྤོས་པ་ཤ་སྟག་ཡིན། ཚང་མར“བདེ་སྡོད་ལས་བརྩོན”ཐུབ་པ་དང་ཞིང་འབྲོག་པ་རྩྭ་ཐང་ནས་བྲལ་ཏེ་སླར་ཡང་ལས་ཞུགས་ཐུབ་རྒྱུར་ལྕག་སྐུལ་བྱ་ཆེད། སྡེ་ཁུལ་གྱིས་ཡུལ་དེའི་དབུལ་སྐྱོར་གསར་སྤེལ་སྡེ་ཚན་གྱི་རྒྱབ་སྐྱོར་འོག་སྡེ་ཁུལ་གྱི་ཐོག་ཁང་དབར་གྱི་ས་ཆ་སྟོང་པ་སྤྱད་དེ་ཚོང་ཁང་བཅུ་ལྷག་ཙམ་བརྒྱབ་ནས་སྡེ་ཁུལ་མང་ཚོགས་ལ་ཚོང་གཉེར་བྱ་ཡུལ་བཏོད་ཡོད།
           ཚོང་ཁང་བགོ་བཤའ་བརྒྱབ་ནའང་མང་ཚོགས་ལ་ཚོང་རྒྱག་པའི་ཉམས་མྱོང་མེད་པས་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར། དེས་ན་སྡེ་ཁུལ་གྱི་ལས་དོན་པའི་བསམ་པར་དཀའ་ལས་མང་པོ་བརྒྱབ་ནས་ཚོང་ཁང་བཅུ་ལྷག་ཙམ་བརྒྱབ་པ་དེ་དག་སྟོང་པར་བཞག་ན་ག་ལ་འགྲིག ཞིང་འབྲོག་པར་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་འཚོལ་རྒྱུ་ནི་འགག་རྩ་རེད་སྙམ་ནས་རྩལ་ནུས་གསོ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱས། སྡེ་ཁུལ་གྱི་ལས་དོན་པ་ཨ་རི་ཀུང་ནཱས“ཚོང་ཁང་བརྒྱབ་པས་མི་སྒེར་གྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། མཉམ་འདྲེས་ཁྲོད་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལའང་ཤུགས་སྣོན་ཐེབས་ཡོད”པའི་ངོས་འཛིན་བྱས།
           མི་རབས་མང་པོར་འབྲོག་ལས་ལ་གཞོལ་བའི་སོག་པོ་དང་བོད་རིགས་མང་ཚོགས་ནི་བློ་གཤོགས་ཆེ་ཞིང་གླུ་གར་ལ་ཧ་ཅང་མཁས་པ་དང་། གཞས་ཞབས་བྲོ་ནི་མི་དང་མིའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐབས་ཤེས་ཡག་ཤོས་དེ་རེད། སྡེ་ཁུལ་དུ་སྤོས་མ་ཐག་ཉིན་ལྟར་ཕྱི་དྲོ་དང་དགོང་མོའི་དུས་སུ་སྡེ་ཁུལ་ནང་རང་མོས་ངང་སྒོར་གཞས་སྒྲིག་འཛུགས་བྱེད་ཀྱི་ཡོད། སྒོར་གཞས་ནི་ཚང་མའི“སེམས་སྒོ་ཕྱེ་བའི་ལྡེ་མིག”ལྟ་བུར་གྱུར་ནས་ཅི་འཕྲོས་མོལ་འཕྲོས་ཁྲོད་རིམ་བཞིན་འདྲིས་པར་གྱུར་ཏེ་སོག་པོ་དང་བོད་རིགས་མང་ཚོགས་ཀྱི་བར་ཐག་སྔར་བས་ཇེ་ཉེར་ཕྱིན་ནས་སླར་ཡང་རྩྭ་ཐང་སྟེང་སླེབས་པའི་སྣང་བ་ཞིག་ངང་གིས་འཆར་ཡོད།
           བརྩེ་བ་ཟབ་ཏུ་ཕྱིན་པ་དང་སྦྲགས་སྡེ་ཁུལ་གྱི་གྲོང་མི་སུའི་ཁྱིམ་དུ་མནའ་མ་བསུ་ལེན་དང་མི་ཤི་རྐྱེན་ཆག་སོགས་དོན་དག་ཆེ་ཕྲ་ཅི་འདྲ་ཞིག་ཡོད་ཀྱང་ཕན་ཚུན་རོགས་རམ་བྱེད་རོགས་བྱེད་པས། མི་རིགས་མཐུན་སྒྲིལ་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།