འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གསུམ་ཆུ་འགོའི་འབྲོག་པ་སྟོབས་ལྡན་གྱིས་རྩྭ་བཏབ་པའི་སྐོར་གྱི་ཟིན་ཐོ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། “ས་ནག་ཐང་འདི་རྩྭ་ཐང་ཆེན་པོར་བསྒྱུར་མ་ཐུབ་ན། ང་ཤི་ཡང་མིག་མི་བཙུམ” ལོ་13གོང་གི་དབྱར་ཁའི་ཞོགས་པ་ཞིག་ལ་སྒོ་ཁར་རྩྭ་བཟའ་རྒྱུ་མེད་པར་ཉམ་ཐག་ཏུ་གྱུར་པའི་ནོར་ལུག་ལ་ལྟ་བཞིན་ལོ་53ལ་སླེབས་པའི་སྟོབས་ལྡན་གྱིས་ཡུལ་མི་རྣམས་ལ་དེ་ལྟར་དམ་བཅའ་བཞག དེ་གའི་ས་ནག་ཐང་ཞེས་པ་ནི་རྩྭ་ས་ཇེ་ཞན་དུ་གྱུར་རྗེས་མངོན་པའི་ས་ནག་ཐང་ཆེན་ལ་ཟེར་བ་རེད།
            མགོ་ལོག་ཀྲོའུ་རྨ་ཆེན་རྫོང་གི་བཀའ་ཐུབ་རྩྭ་ཐང་ནི་དགུ་ཆུ་དང་ཐག་ཉེ་བ་དང་ས་བབ་རྒྱ་ཆེ་བས་རང་བྱུང་གི་རྩྭ་ས་ཡག་པོ་ཞིག་ཡིན། སྟོབས་ལྡན་ལོ་15ལ་སླེབས་པའི་ལོ་དེར། ཕ་ཡུལ་གྱི་རྟ་མཆོག་དང་འབྲི་གཡག་ལ་སྐད་གྲགས་ཆེ་བ་དང་། ཉེ་འཁོར་ནས་ས་དེར་འབྲོག་དུད་མང་པོ་སྤོས་ཡོང་བ་རེད། མ་གཞིར་ཡུལ་དེར་འབྲོག་དུད་5ལས་མེད་ཀྱང་དུས་རབས་20པའི་ལོ་རབས་80པར་བཀའ་ཐུབ་རྩྭ་ཐང་དུ་སྦྲ་གུར་སྐར་ཚོགས་བཀྲམས་པ་ལྟར་ཕུབ་ཅིང་འབྲོག་དུད་100ལྷག་དང་ཕྱུགས་ཟོག་ཁྲི་ཕྲག་མང་པོས་རྩྭ་ཆུར་བསྙེགས་ནས་ཡོང་། དེ་ནས་བཟུང་། སྟོབས་ལྡན་གྱིས་ཡུལ་དེ་གའི་རྩྭ་ས་རིམ་གྱིས་ཇེ་ཞན་དུ་འགྲོ་ཚུལ་མཐོང་།
            དུས་རབས་20པའི་ལོ་རབས་90པའི་མཇུག་ཏུ། བཀའ་ཐུབ་རྩྭ་ཐང་དེ་ས་ནག་ཏུ་གྱུར་ཁར་ཨ་བྲ་མང་པོས་ཀྱང་རྩྭ་སར་གནོད་པ་བཏང་བ་རེད། སྟོབས་ལྡན་གྱིས་ཕྱིར་དྲན་བྱས་པ་ལྟར་ན། ཚབས་ཆེ་ཤོས་ཀྱི་སྐབས་གྲོང་ཚོ་དེའི་རྩྭ་ས་མུའུ་ཁྲི་25ལས་མུའུ་ཁྲི་11ཧ་ཅང་ཇེ་ཞན་དུ་གྱུར་ཡོད་པ་རེད།
            རྩྭ་ས་ཇེ་ཞན་དུ་སོང་བ་དང་སྔོ་ཁེབས་ཀྱིས་ཆུ་ཁུངས་སྐྱོང་བའི་ནུས་པ་ཆུང་དུ་ཕྱིན་པའི་རྐྱེན་གྱིས་དགུ་ཆུའི་ཆུ་ཡང་ཉུང་དུ་འགྲོ་འགོ་ཚུགས། དཔྱིད་ཀར་རླུང་ཆེན་གཡུགས་ནས་ས་རྡུལ་དགུང་དུ་འཕྱོ་བ་དང་། རྩྭ་ཐང་གི་གནས་སྟངས་སྐྱོ་པོར་ལྟ་བཞིན་སྟོབས་ལྡན་ཡིད་སྐྱོ་བའི་མིག་ཆུ་ཡང་ཡང་ཤོར་ནས“འབྲོག་པར་རྩྭ་ས་ཡག་པོ་མེད་ན་དེ་ནི་བྱ་རྒོད་ལ་གཤོག་ཟུང་མེད་པ་དང་འདྲ། འཚོ་བ་འདི་ལྟ་བུར་རེ་བ་ག་རེ་ཡོད་དམ”ཞེས་བརྗོད་ཀྱི་ཡོད།
            བཀའ་ཐུབ་གྲོང་ཚོ་གཅིག་པོ་ཙམ་མིན་པར་དུས་རབས་20པའི་མཇུག་ཏུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པའི་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་ཧྲིལ་པོར་རྩྭ་ས་ཇེ་ཞན་དུ་འགྲོ་བའི་འཇིགས་ཉེན་ཕྲད།
           2005ལོར་རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོར་མི་ཐབས་ལ་བརྟེན་པའི་ཐེ་ཇུས་འཕྲལ་སྡོམ་རྣམ་པའི་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་ནས་ཡུལ་དེར་རྩྭ་ཁ་འགོག་པ་དང་ཕྱུགས་རིགས་ཉུང་གཏོང་དང་། མི་ཐབས་ལ་བརྟེན་པའི་རྩྭ་འདེབས་པ། རྩྭ་ཐང་གི་སྐྱེ་དངོས་གནོད་ཅན་འགོག་སྲུང་སོགས་སྣོད་བཅུད་བྱེད་ཐབས་འཚོལ་ཞིབ་བྱས་ཤིང་། ལོ་དེར་སྟོབས་ལྡན་གྱིས་ཀྱང་ས་ནག་ཐང་གི་གནས་སྟངས་ཇེ་ལེགས་སུ་བསྒྱུར་རྒྱུའི་སེམས་ཐག་བཅད།
            རྩྭ་ཐོག་མར་འདེབས་སྐབས། སྟོབས་ལྡན་གྱིས་ལག་ཟུང་ལ་བརྟེན་ནས་རང་ཁྱིམ་གྱི་རྩྭ་སའི་ས་ནག་ཡུག་གཅིག་བསློགས་ནས་ཡུལ་དེའི་རྩྭ་སོན་སྟོར་ནའང་ལོ་ཕྱི་མར་མྱུ་གུ་འབུས་མེད། ཕྱིས་སུ་སྟོབས་ལྡན་གྱིས་རིགས་གཅིག་མཁས་ཅན་མང་པོར་བཀའ་འདྲི་ཞུས་པ་དང་ནང་སོག་སོགས་ས་ཆའི་རྩྭ་སོན་ཡག་པོ་དྲངས་ནས་ཚོད་ལྟ་བྱས་ནའང་། ས་ཆུར་མ་འཕྲོད་པས་འབྲས་བུ་མ་ཐོན།
            2012ལོའི་དཔྱིད་ཀར། ཁོང་གིས་རང་ཁྱིམ་གྱི་ཕྱུགས་ཟོག་བཙོངས་ནས་མ་དངུལ་གྲབས་གསོག་བྱས་པ་དང་། སྐབས་དེར་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པ་ཚན་རིག་ཁང་གི་ཞིབ་འཇུག་པ་མ་ཡུས་ཧྲོའུ་ཡིས་གྲོས་འགོ་བཏོན་པའི་འོག་མུའུ་1400ལ་ས་མཐོའི་ཡུག་པོ་བཏབ་པ་རེད།
            སྟོབས་ལྡན་གྱི་ཤུགས་རྐྱེན་ལ་བརྟེན་ནས་བཀའ་ཐུབ་གྲོང་ཚོའི་དུད་ཁྱིམ་ཀུན་གྱིས་རང་འགུལ་ངང་རྩྭ་བཏབ་པས་ནོར་ལུག་ལ་བཟའ་རྒྱུ་འདང་ངེས་རག་ནས་ཤ་ཤེད་རྒྱས་ཤིང་། དེ་དང་ཆབས་ཅིག་སྲིད་གཞུང་གིས་མ་དངུལ་བཏང་ནས་རྩྭ་འདེབས་པའི་རྣམ་གྲངས་དང་ས་མཐོའི་འཕྲུལ་ལས་སོན་འདེབས་ལག་རྩལ་ལ་བརྟེན་པས་གྲོང་ཚོ་དེ་གའི་ས་ནག་ཐང་རྩྭ་ཆུ་བཟང་བའི་རྩྭ་ཐང་ཞིག་ཏུ་འགྱུར་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།