འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་པུའུ་ཨུད་གསུམ་གྱིས་གཞི་རྒྱུ་བསྒྱུར་བའི་རྩི་ཤིང་གི་བཟའ་སྣུམ་ལ་མཚོན་རྟགས་
    མངོན་གསལ་དོད་པོ་འགོད་དགོས་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན། གསར་འགོད་པར་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྩི་ཤིང་གི་བཟའ་སྣུམ་གྱི་མཚོན་རྟགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་ཤིག་སྤེལ་ནས་གཏན་འབེབས་གཞིར་བཟུང་གཞི་རྒྱུ་བསྒྱུར་བའི་རྩི་ཤིང་གི་བཟའ་སྣུམ་གྱི་ཁ་བྱང་དང་གསལ་བཤད་ཡི་གེའི་ཐོག་མཚོན་རྟགས་མངོན་གསལ་དོད་པོ་འགོད་དགོས་པ་དང་། རང་རྒྱལ་གྱིས་ནང་འདྲེན་བྱས་ནས་མ་བཅོས་རྒྱུ་ཆ་ལས་སྣོན་ལ་སྤྱོད་རྒྱུར་ཆོག་མཆན་མ་སྤྲད་པ་དང་། རྒྱལ་ནང་གི་ཚོང་ལས་ཅན་གྱི་འདེབས་འཛུགས་བྱ་རྒྱུར་ཆོག་མཆན་མ་སྤྲད་པ། ཁྲོམ་རའི་ཐོག་གཞི་རྒྱུ་བསྒྱུར་བའི་ལོ་ཏོག་དང་དེའི་ལས་སྣོན་བཟོས་རྫས་མེད་རིགས་བཅས་ལ་བཟའ་སྣུམ་གྱི་ཁ་བྱང་དང་གསལ་བཤད་ཡི་གེར“གཞི་བསྒྱུར་བཟའ་སྣུམ་མ་ཡིན་པ”ཞེས་པའི་ཡི་གེ་འགོད་མི་ཆོག་པ་ཁ་གསལ་བསྟན་ཡོད།
               རྩི་ཤིང་གི་བཟའ་སྣུམ་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་འགན་ལེན་བྱེད་པ་དང་། རྩི་ཤིང་གི་བཟའ་སྣུམ་དང་ལྷག་པར་དུ་རྩི་ཤིང་གི་སྦྱོར་སྡེབ་བཟའ་སྣུམ་གྱི་ཁ་བྱང་མཚོན་རྟགས་ཚད་ལྡན་ཡོང་བ་བྱས་ཏེ། མཚོན་རྟགས་རྫུས་མ་སྦྱར་ནས་འཛད་སྤྱོད་པར་མགོ་སྐོར་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད་རྩི་ཤིང་གི་བཟའ་སྣུམ་གྱི་ཁ་བྱང་དང་གསལ་བཤད་ཡི་གེ་དེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་》དང་《བཟའ་བཅའི་མཚོན་རྟགས་དོ་དམ་གཏན་འབེབས་》དང་དེ་བཞིན་འབྲེལ་ཡོད་བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི་གཏན་འབེབས་གཞིར་བཟུང་ཟུར་བཀོད་མཆན་འགྲེལ་འགོད་དགོས། རྩི་ཤིང་གི་བཟའ་སྣུམ་གྱི་ཁ་བྱང་དང་གསལ་བཤད་ཡི་གེར་ནང་དོན་རྫུས་མ་འགོད་མི་ཆོག་པ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་དེའི་ཁ་བྱང་དང་གསལ་བཤད་ཡི་གེའི་ནང་དོན་ལ་འགན་འཁུར་དགོས།
             སྤྱི་བསྒྲགས་ནང་། རྩི་ཤིང་གི་བཟའ་སྣུམ་ལ་བཏགས་པའི་མིང་དེས་རྩི་ཤིང་གི་བཟའ་སྣུམ་གྱི་ཁྱད་ཆོས་དངོས་མཚོན་དགོས་པ་ཡིན། སྣེ་ཁ་གཅིག་ལས་བཟོས་པའི་རྩི་ཤིང་གི་བཟའ་སྣུམ་ཡིན་ཚེ་སྣེ་ཁ་དེ་རང་གི་རྩི་ཤིང་གི་བཟའ་སྣུམ་གྱི་མིང་ཚད་ལྡན་སྤྱོད་དགོས་པ་ལས་སྣ་ཁ་གཞན་གྱི་ཞག་ཚིལ་བསྲེས་མི་རུང་། སྣེ་ཁ་གཉིས་སམ་དེ་ཡན་གྱི་རྩི་ཤིང་ལས་བཟོས་པའི་བཟའ་སྣུམ་གྱི་ཞག་ཚིལ་ཐོན་རྫས་ཀྱི་མིང་དེ་《བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི་རྩི་ཤིང་གི་བཟའ་སྣུམ་》(GB2716—2018)གྱི་གཏན་འབེབས་གཞིར་བཟུང“རྩི་ཤིང་གི་སྦྱོར་སྡེབ་བཟའ་སྣུམ”ཞེས་པའི་ཟུར་བཀོད་མཆན་འགྲེལ་འགོད་པ་དང་ཆབས་ཅིག ཁ་བྱང་ཐོག་རྩི་ཤིང་གི་བཟའ་སྣུམ་ཁག་གི་བསྡུར་ཚད་འགོད་དགོས་ཞེས་བསྟན་ཡོད།
            སྤྱི་བསྒྲགས་ནང་། རྩི་ཤིང་གི་བཟའ་སྣུམ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པའི་རྩི་ཤིང་གི་སྣུམ་རྒྱུའི་སྣེ་ཁ་དང་གྲངས་ཚད་ཁྲིམས་བཞིན་ཇི་མ་ཇི་བཞིན་ཐོ་འགོད་པ་དང་དུས་མཚུངས་འབྲེལ་ཡོད་ཀྱི་དཔང་འཛིན་ཉར་ཚགས་བྱེད་དགོས། ཐོ་འགོད་དང་དཔང་འཛིན་ཉར་ཚགས་ཀྱི་དུས་བཅད་དེ་ཐོན་རྫས་ཀྱི་སྤུས་ཀ་འགན་ལེན་དུས་ཚད་ཐིམས་རྗེས་ཀྱི་ཟླ་བ་དྲུག་ལས་ཉུང་མི་རུང་། རྩི་ཤིང་གི་བཟའ་སྣུམ་ཐོན་སྐྱེད་ཁེ་ལས་ཀྱིས་《བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་ཁུངས་འདེད་མ་ལག་འཛུགས་རྒྱུའི་གཏན་འབེབས་འགའ་ཞིག་》སོགས་ཀྱི་གཏན་འབེབས་ལ་ནན་ཏན་ངང་གཞིགས་ཏེ་བཟའ་བཅའི་བདེ་འཇགས་ཁུངས་འདེད་མ་ལག་བཙུགས་ནས་སྤུས་ཚད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།