འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་དང་དབུལ་ཕོངས་ཉུང་གཏོང་གི་
    ཉམས་མྱོང་མཉམ་སྤྱོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་38པ་འཚོག་རིང“འཕེལ་རྒྱས་དང་དབུལ་ཕོངས་ཉུང་གཏོང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་མ་གཏོང་བ་དང་སྲུང་སྐྱོང་ཐད་ལེགས་སྐྱེས་འབུལ”ཞེས་པའི་བརྗོད་དོན་གཙོ་བོའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་ནས་ཀྲུང་གོའི་གྲུབ་འབྲས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།
             མཉམ་འབྲེལ་རྒྱལ་ཚོགས་རི་ནི་ཝར་བཅའ་སྡོད་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་ཚབ་ཡུས་ཅན་ཧྭ་ཡིས་བགྲོ་གླེང་ཚོགས་འདུའི་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། ཁོང་གིས་ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱས་པར་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མི་འབོར་དབུལ་པོ་དུང་ཕྱུར་8ཙམ་ཉུང་དུ་བཏང་བ་དེས་གོ་ལ་ཧྲིལ་པོའི་མི་འབོར་དབུལ་པོའི་བསྡོམས་འབོར་གྱི་70%ཡན་བཟུང་ནས་འཛམ་གླིང་གི་དབུལ་ཕོངས་ཉུང་གཏོང་དང་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད་པ་རེད།
             ཨ་ཧྥེ་རི་ཁའི་འཐུས་མི་ཚོས་འཕེལ་རྒྱས་གཏོང་དབང་ནི་ཆེས་གལ་འགངས་ཆེ་ཤོས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ངེས་པར་དུ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་དགོས་མཁོར་གཞིགས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱེད་དགོས་པ་ཡོངས་ཁྱབ་ངང་ནན་བཤད་བྱེད་ཀྱི་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ཁྲོད་ནས་ཕན་པ་མང་པོ་ཐོབ་ཡོད་པས། ཀྲུང་གོ་ཕྱོགས་དང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་དང་དེ་བཞིན་ཁྱབ་ཁོངས་གཞན་ཐད་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཡང་ཞུས་ཡོད།
            ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་20ཙམ་དང་རྒྱལ་ཁབ་50ལྷག་ཙམ་གྱི་མཐོ་རིམ་ཕྱི་འབྲེལ་དཔོན་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མི། གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་བཅས་མི་གྲངས་བརྒྱ་ཙམ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།