མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་གྲུབ་འབྲས་ཐོབ་པའི་
སྒོ་ནས་གཉེར་བར་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་05ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

             མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བར་མཛུབ་སྟོན་གལ་ཆེན་གནང་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བར་ཧྲན་ཏུང་ཞིང་ཆེན་དང་ལྷག་པར་དུ་ཆིང་ཏའོ་གྲོང་ཁྱེར་གྱིས་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་པ་དང་། ཞབས་ཞུའི་འགན་ལེན་ལས་དོན་ནུས་ལྡན་གོ་རིམ་ལྡན་པ་དང་ཞིབ་ཚགས་ཡོད་པ་དེ་ཐོག་ནས་འཛམ་གླིང་གི་ཆུ་ཚད་མངོན་པ་དང་། ཀྲུང་གོའི་ཉམས་འགྱུར་དང་། ཧྲན་ཏུང་གི་གོམས་སྲོལ། ཆིང་ཏའོ་ཡི་ཁྱད་ཆོས་བཅས་མངོན་པར་བྱས་ཡོད། དེའི་ཐད་འབད་འཐབ་བྱེད་མཁན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
             ཞི་ཅིན་ཕིང་གིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་གཉེར་ནས་ཆིང་ཏའོ་དང་ཧྲན་ཏུང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྦྱིན་ཡོད། རེ་བར“དབུ་ཚོགས་ཡག་པོ་གཉེར་བ་དང་གྲོང་ཁྱེར་འཁྲུག་ཆ་དོད་དུ་གཏོང་བའི”དགེ་མཚན་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས་བྱ་ཐབས་ཡག་པོ་ཁྱབ་གདལ་གཏོང་བ་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། དབུ་ཚོགས་གཉེར་བའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་ཁར། གསར་འབྱེད་གསར་གཏོད་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
             ཟླ་6ཚེས་9དང་10ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཧྲན་ཏུང་ཆིང་ཏའོ་རུ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་ཤིང་། ད་ཐེངས་ཀྱི་ཆིང་ཏའོ་དབུ་ཚོགས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཁོངས་མི་མང་དུ་བཏང་རྗེས་འཚོགས་པའི་དབུ་ཚོགས་ཐོག་མ་དེ་ཡིན་པ་དང་། རྒྱལ་ཁབ་12ནས་ཡོང་བའི་རྒྱལ་ཁབ་ཀྱི་གཙོ་བདག་གམ་ཡང་ན་སྲིད་གཞུང་གི་འགོ་གཙོ་དང་། རྒྱལ་སྤྱིའི་རྩ་འཛུགས་སམ་ཡང་ན་སྒྲིག་གཞི་10ཡི་འགན་འཁུར་བ་དབུ་ཚོགས་ལ་ཞུགས་ནས་ཐོ་འགོད་བྱས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་2000ལྷག་ཙམ་ཡོད་པ་དང་བཅར་འདྲིའི་ནང་ཞུགས་མཁན་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་3000ལྷག་ཙམ་ཡོད། ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཉམ་ལས་ཀྱི་ཡིག་ཆ་23ལ་མིང་རྟགས་བཀོད་པ་དང་དཔང་པོ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་ཆགས་པ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན་གཞི་ཁྱོན་ཆེ་ཤོས་དང་། རིམ་པ་མཐོ་ཤོས། གྲུབ་འབྲས་མང་ཤོས་བཅས་ཀྱི་དབུ་ཚོགས་ཤིག་ཡིན་པ་རེད།