འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གནམ་སྔོན་པོ་སྲུང་སྐྱོང་ལས་དོན་ལེགས་སྒྲུབ་
    ཡོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་》འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གནམ་སྔོན་པོ་སྲུང་སྐྱོང་ལས་དོན་ལེགས་སྒྲུབ་ཡོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་》(གཤམ་དུ་《བྱ་སྤྱོད་འཆར་གཞི་》ཞེས་བསྡུས)འགྲེམས་སྤེལ་བྱས་ནས། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལས་དོན་གྱི་སྤྱིའི་བསམ་ཕྱོགས་དང་། གཞི་རྩའི་དམིགས་ཡུལ། ལས་འགན་གཙོ་བོ། འགན་ལེན་བྱ་ཐབས་བཅས་ཁ་གསལ་བྱུང་བ་དང་གནམ་སྔོན་པོ་སྲུང་སྐྱོང་ལས་དོན་ལེགས་སྒྲུབ་ཡོང་བའི་དུས་ཚོད་རེའུ་མིག་དང་ལམ་རིས་བཏོན་ཡོད།
            《བྱ་སྤྱོད་འཆར་གཞིའི་》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་བླང་བྱ་བཏོན་དོན་དོན་འཁྱོལ་གཏིང་ཟབ་བྱེད་དགོས། འཕེལ་རྒྱས་གསར་པའི་འདུ་ཤེས་མཐའ་འཁྱོངས་དང་དམངས་ཡོངས་ཀྱིས་བྱུང་རྩ་ནས་བཅོས་སྐྱོང་དང་།  རྩ་ལག་མཉམ་བཅོས་བཅས་མཐའ་འཁྱོངས་བྱེད་དགོས། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་མཐའ་འཁོར་ས་ཁུལ། འབྲི་ཆུའི་ཟུར་གསུམ་ས་ཁུལ། ཧྥེན་ཝེ་བདེ་ཐང་སོགས་ས་ཁོངས་གཙོ་གནད་དུ་བཟུང་ནས། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ཏེ། དཔལ་འབྱོར་དང་བཅའ་ཁྲིམས། ལག་རྩལ། དེ་བཞིན་དགོས་ངེས་ཀྱི་སྲིད་འཛིན་བྱ་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ནས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་།  ཇུས་འགོད་མ་ལག་ཆ་ཚང་། གནད་ཁེལ་ཇུས་བསྟར། སེམས་ཐག་གཙང་བཅད་ཀྱིས་གནམ་སྔོན་པོ་སྲུང་སྐྱོང་ལས་དོན་སྒྲུབ་ནས། ཁོར་ཡུག་གི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས།  སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕྱོགས་མང་པོར་ཕན་ཁེ་ཐོབ་པ་བྱེད་དགོས།
           《བྱ་སྤྱོད་འཆར་གཞིའི་》ནང་བསྟན་དོན། ལོ་3རིང་འབད་བརྩོན་བྱས་པར་བརྟེན།  རླུང་ཁམས་ཆེན་པོར་སྦགས་བཙོག་གཙོ་བོ་བཟོ་བའི་གྲངས་འབོར་ཇེ་ཉུང་དུ་སོང་བ་དང་། དྲོད་ཁང་རླུང་གཟུགས་འབུད་ཚད་མཐུན་སྦྱོར་ངང་ཉུང་དུ་བཏང་བ། ཕྲ་རྡུལ་(PM2.5)གར་ཚད་སྔར་བས་མངོན་གསལ་ངང་ཇེ་དམའ་རུ་བཏང་བ། སྦགས་བཙོག་ཆེ་བའི་ཉིན་གྲངས་མངོན་གསལ་ངང་ཇེ་ཉུང་དུ་སོང་བ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ། མི་དམངས་ཀྱི་གནམ་སྔོན་པོའི་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། 2020ལོར་སླེབས་དུས་དབྱང་གཉིས་མུ་ཟི་དང་ཏན་དབྱང་འགྱུར་དངོས་ཀྱི་འབུད་ཚད་བསྡོམས་འབོར་སོ་སོར་2015ལོ་ལས་15%ཡན་ཆག་རྒྱུ་དང་། PM2.5ཚད་གཞི་མ་ལོན་པའི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་གར་ཚད་དེ་2015ལོ་ལས་18%ཡན་ཆག་རྒྱུ། ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་80%ཟིན་རྒྱུ། ཚབས་ཆེའམ་དེ་ལས་ལྷག་པའི་སྦགས་བཙོག་ཉིན་གྲངས་ཀྱི་བསྡུར་ཚད་དེ་2015ལོ་ལས་25% ཡན་ཆག་རྒྱུ་ཡིན་པ་རེད། 
          《བྱ་སྤྱོད་འཆར་གཞིས་》ཕྱོགས་དྲུག་ཐད་ཀྱི་ལས་འགན་བྱ་ཐབས་བཏོན་པ་དང་འབྲེལ་ཚད་འབེབས་དམིགས་ཚད་དང་ལེགས་འགྲུབ་དུས་ཚད་ཁ་གསལ་བྱས་ཡོད། གཅིག་ནི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་འགྱུར་བྱས་ཏེ་།  ཐོན་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བ་དང་། “མཐོ་གཉིས”ལས་རིགས་ཀྱི་ཐོན་ནུས་ལ་ཚོད་འཛིན་ནན་པོ། “གང་བྱུང་སྦགས་བཙོག་བཟོ་བའི”ཁེ་ལས་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། བཟོ་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ། ཁོར་ཡུག་གནོད་མེད་ཀྱི་ཐོན་ལས་ཤུགས་ཆེན་ངང་སྐྱོང་བ་བཅས་བྱེད་དགོས། གཉིས་ནི་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ་དང་། སྦགས་མེད་ཐཱན་ཉུང་ནུས་ཆེའི་ནུས་རྒྱུའི་མ་ལག་འཛུགས་དགོས། བྱང་ཕྱོགས་ས་ཁུལ་གྱི་དྭངས་གཙང་ནུས་རྒྱུའི་དྲོད་ལེན་ལ་ནུས་ལྡན་ངང་སྐུལ་འདེད་གཏོང་བ་དང་། གཙོ་གནད་ས་ཁོངས་དུ་རྡོ་སོལ་འཛད་སྤྱོད་བསྡོམས་འབོར་ཚོད་འཛིན་མུ་མཐུད་ལག་བསྟར་བྱ་རྒྱུ། རྡོ་སོལ་ཁྲོ་ཐབ་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་ནས་ནུས་ཁུངས་བཀོལ་སྤྱོད་ལས་ཆོད་ཆེ་རུ་གཏོང་རྒྱུ། ནུས་ཁུངས་གཙང་མ་དང་ནུས་ཁུངས་གསར་པ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་བཅས་ཡིན། གསུམ་ནི་སྐྱེལ་འདྲེན་གྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ཏེ་ལྗང་མདོག་འགྲིམ་འགྲུལ་མ་ལག་འཕེལ་རྒྱས་གཏོང་དགོས། ལྕགས་ལམ་ཟོག་འདྲེན་གྱི་བསྡུར་གྲངས་ཆེས་ཆེར་འཕར་བ་དང་། འཁོར་རིགས་དང་གྲུ་གཟིངས་ཀྱི་གྲུབ་ཚུལ་རིམ་སྤར་མགྱོགས་སུ་གཏོང་བ། སྣུམ་རྫས་ཀྱི་སྤུས་ཚད་རིམ་སྤར་ཇེ་མགྱོགས་སུ་གཏོང་བ། སྒུལ་བསྐྱོད་སྦག་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཅས་གཏོང་དགོས། བཞི་ནི་ས་ཆ་སྤྱོད་པའི་གྲུབ་ཚུལ་ལེགས་སྒྲིག་བྱེད་དེ། ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོངལ་་སྐུལ་འདེད་གཏོང་དགོས་། རླུང་འགོག་བྱེ་བརྟན་གྱི་སྔོ་འགྱུར་ལས་གྲྭ་ལག་བསྟར་དང་ཐོག་མེད་གཏེར་རིའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཐལ་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སོག་མ་ཕྱོགས་བསྡུས་བེད་སྤྱོད་དང་ཨེམ་གཏོང་འབུད་ཀྱི་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། ལྔ་ནི་གལ་ཆེའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ།  སྦགས་བཙོག་དངོས་རིགས་གཏོང་འབུད་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས། གཙོ་གནད་ས་ཁོངས་ཀྱི་སྟོན་དགུན་འགག་སྒྲོལ་བྱེད་པའི་བྱ་སྤྱོད་སྤེལ་ནས་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་དགོས། བཟོ་ལས་དོང་ཐབ་བཅོས་སྒྲིག་བྱེད་པའི་ཆེད་དམིགས་བྱ་སྤྱོད་སྤེལ་ནས་ཡལ་སླ་བའི་རང་བཞིན་གྱི་སྐྱེ་ལྡན་ཆེད་དོན་བཅོས་སྒྲིག་ལག་བསྟར་བྱེད་དགོས། དྲུག་ནི་ས་ཁོངས་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་རྒྱག་སྟེ། སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ནུས་ལྡན་ངང་ཁ་གཏད་བཅོག་དགོས། ས་ཁོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས། སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་ཀྱི་འཕྲལ་སྡོམ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་གྱི་ཕྱིར་འབུད་ཉུང་གཏོང་བྱ་ཐབས་བརྟན་དུ་གཏོང་དགོས།
            《བྱ་སྤྱོད་འཆར་གཞིའི་》བླང་བྱ། འབྲེལ་ཡོད་སྲིད་ཇུས་འཐུས་ཚང་མགྱོགས་སུ་གཏོང་སྟེ། རླུང་ཁམས་ཆེ་མོའི་སྦགས་བཙོག་བཅོས་སྒྲིག་ལ་འགན་སྲུང་ནུས་ལྡན་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མ་འཇོག་ཐབས་ལམ་རྒྱ་ཆེར་བཏང་སྟེ་དཔལ་འབྱོར་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་གྱི་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་གྱི་རྨང་གཞིའི་འདེགས་སྐྱོར་ཤུགས་ཆེར་གཏོང་བ། ཁོར་ཡུག་ཐད་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་གཏིང་ཟབ་སྤེལ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ཕྱོགས་ཁག་གི་འགན་འཁྲི་དོན་འཁྱོལ་ཁ་གསལ། དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ། ཁོར་ཡུག་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་སྟེ་དམངས་ཡོངས་ཀྱི་བྱ་སྤྱོད་རྣམ་པ་ཞིག་ཆགས་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།