འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མེའོ་རིགས་རི་གྲོང་གི་གྲོང་སྡོད"ཧྲུའུ་ཅི་ཨང་དང་པོ"ཁག་གཉིས་ཀྱིས་དབུལ་སྐྱོར་ལས་དོན་རྒྱུན་མཐུད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། བདུན་གཅིག་གི་གོང་དུ་དེ་སྔ་ཀོང་ཤིས་རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་ཏ་ལེང་གྲོང་རྡལ་ཏ་ཏེ་གྲོང་ཚོའི་གྲོང་སྡོད“ཧྲུའུ་ཅི་ཨང་དང་པོའི”འགན་འཁུར་མྱོང་བའི་ཧོང་ཀོང་ཧའེ་གྲོང་ཚོར་ཕྱིར་ལོག་པ་དང་། ཆེས་ཐག་རིང་ལུང་ཁུག་ཏུ་གནས་པའི་གྲོང་ཚོ་དེར་ཉིན་ཤས་གོང་ཨར་འདམ་ལམ་ཤར་གཏོང་ཐུབ་པ་ཤེས་རྗེས་ཁོང་ཧ་ཅང་དགའ་པོ་བྱུང་ཡོད། ཟླ་3གྱི་གོང་དུ་གྲོང་སྡོད“ཧྲུའུ་ཅི་ཨང་དང་པོའི”འགན་འཁུར་མཁན་ཝུའུ་ལི་ཏུང་གིས་ཧོང་ཀོང་ཧའེ་ལ་འཕེལ་རིམ་གཞིར་བཟུང་། གྲོང་ཚོ་དེའི་རང་བྱུང་གྲོང་ཚོ་ཚང་མར་ཨར་འདམ་ལམ་ཤར་གཏོང་བྱེད་པའི་འཆར་གཞི་དུས་བཀག་ལྟར་ལེགས་གྲུབ་ཐུབ་བཟོ་ཡོད་ཅེས་བཤད།
             ཏ་ཏེ་གྲོང་ཚོའི་ཁག་གཉིས་ཀྱི་གྲོང་སྡོད“ཧྲུའུ་ཅི་ཨང་དང་པོ”གཉིས་ཀ་ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཡིན་པ་དང་། ཧོང་ཀོང་ཧའེ་ནི་ལིའུ་ཀྲོའུ་འཁོར་དོན་ལས་ཚན་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་ཡིན་པ་དང་དེ་སྔ་མེ་འཁོར་བབས་ཚུགས་ཀྱི་ཀྲེན་ཀྲང་བྱེད་མྱོང་ཡོད་ལ། ཝུའུ་ལི་ཏུང་ནི་ལིའུ་ཀྲོའུ་འཕྲུལ་གཉེར་ལས་ཚན་གྱི་སྐྱེལ་འདྲེན་འཁོར་ཁང་གཉིས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་མེ་འཁོར་ལོ་10ལྷག་ཙམ་གཏོང་མྱོང་ཡོད་པ་རེད།
            “ཧྲུའུ་ཅི་ཨང་དང་པོའི”འགན་འཁུར་མཁན་གཉིས་འཕྲད་སྐབས་གཏམ་གླེང་བྱེད་པ་ཚང་མ་ནི་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དང་། མང་ཚོགས་ཀྱིས་སུར་པན་བཏབ་པའི་ཡོང་འབབ་ཇི་འདྲ་ཡོད་མེད། ནགས་ཁྲོད་གསོ་ཚགས་ཀྱི་འཕེལ་རིམ་ཇི་འདྲ་ཡོད་མེད། སློབ་ཆུང་གི་གློག་རྡུལ་སློབ་ཁྲིད་ཁང་གི་འཁོར་སྐྱོད་རྒྱུན་གཏན་ལྟར་ཡོད་མེད་སོགས་རེད།
             ཝུའུ་ལི་ཏུང་གིས་གསར་འགོད་པར“ཧོང་ཀོང་ཧའེ་ཡིས་གྲོང་ཚོར་ལས་ཀ་འབོར་ཆེན་བྱས་པ་མ་ཟད། ཕན་འབྲས་ཀྱང་ཡག་པོ་ཐོན་འདུག ང་རང་འདི་གར་སླེབས་ཙམ་དུ་ཁོང་གི་ལས་ཀའི་རྒྱུན་བསྐྱངས་ཏེ་དུས་ཚོད་དམ་འཛིན་གྱིས་ལས་དོན་སྤེལ་འགོ་བརྩམས་པ་ཡིན”ཞེས་བཤད།
             ཏ་ཏེ་གྲོང་ཚོ་ནི་ཀོང་ཤིས་བྱང་རྒྱུད་ཀྱི་མེའོ་རིགས་རི་གྲོང་དུ་གནས་པ་དང་། རི་མཐོ་ལ་གཡང་གཟར་བ། མང་ཚོགས་སྡོད་ཡུལ་ཁ་ཐོར་ཡིན་པ། གྲོང་ཚོ་ཡོངས་སུ་ད་ཆ་དུད་ཚང་དབུལ་པོ་207གྱི་མི་གྲངས་950ཡོད་པ། དབུལ་པོ་ཐོན་ཚད་40%ཡན་ཟིན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད།
             ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པས་ཏ་ཏེ་གྲོང་ཚོར་ཁ་གཏད་རོགས་སྐྱོར་བྱས་ཏེ་ཧོང་ཀོང་ཧའེ་གྲོང་སྡོད“ཧྲུའུ་ཅི་ཨང་དང་པོ”བྱེད་པར་མངགས་པ་དང་2015ལོའི་ཟླ་10པར་ལས་འགན་དངོས་སུ་ཁུར། དབུལ་སྐྱོར་གྱི་ཐབས་ཇུས་དོན་གཉེར་བྱ་ཆེད། ཧོང་ཀོང་ཧའེ་ཡིས་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་བྱེད་པར་བསྐྱོད་པ་རེད།
            ཏ་ཏེ་གྲོང་ཚོར་རང་བྱུང་གྲོང་ཚོ་19ཡོད་པ་ཚང་མར་ཐེངས་གཅིག་སྐྱོད་པར་དུས་ཡུན་རིང་པོ་འགོར་གྱི་ཡོད་པ་དང་ཐག་རིང་ཤོས་ཀྱི་གྲོང་ཚོ་དེར་རྐང་ཐང་མར་རི་ལམ་ཆུ་ཚོད་2ཙམ་སྐྱོད་དགོས་ཀྱི་ཡོད། ཧོང་ཀོང་ཧའེ་ཡིས“སྐབས་དེ་དུས་ཚང་མ་འདམ་རྫབ་ལམ་རེད་འདུག་པས་ཆར་པ་བབས་ནས་རི་ཉིལ་བྱུང་ཚེ་ཕྱིར་ལོག་པའི་ལམ་ཆད་དེ་གྲོང་མིའི་ཁྱིམ་དུ་སྡོད་དགོས་བྱུང”ཞེས་བཤད།
            བརྟག་ཞིབ་བྱས་པ་བརྒྱུད་ཧོང་ཀོང་ཧའེ་ཡིས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ཚེ་མང་ཚོགས་གཞི་ནས་དབུལ་སྒྲོལ་ཐུབ་པའི་ངོས་འཛིན་བྱས། རྒྱབ་རོགས་ཚན་པའི་རྒྱབ་སྐྱོར་འོག་ཧོང་ཀོང་ཧའེ་ཡིས་གྲོང་ཚོ་དེའི་འགྲོ་ལམ་གྱི་རྣམ་གྲངས་ལ་དམ་འཛིན་ལྷོད་མེད་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་འདེད་བཏང་བ་དང་ཆབས་ཅིག ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པས་གྲོང་ཚོ་ཨུ་ལྷན་ལ་ཏང་ཡོན་གྱི་བྱེད་སྒོ་ཁང་སྐྲུན་རོགས་བྱས་པ་དང་། ཏན་དབྱང་སློབ་ཆུང་ལ་གློག་སྐུད་ཁྲིད་པ་དང་སྦྲགས། གློག་རྡུལ་སློབ་ཁང་ཡང་གསར་དུ་བསྐྲུན་པ་རེད།
            འདི་ལོའི་ཟླ་3པར་ཝུའུ་ལི་ཏུང་གིས་ཧོང་ཀོང་ཧའེ་གྱི་དབུལ་སྐྱོར་གྱི‘རྒྱུག་མཐུད་དབྱུག་པ’བླངས་ཤིང་། ཐོན་ལས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་ཆེད། ཁོང་གིས་ཐོན་ལས་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་མང་ཚོགས་སྐུལ་སློང་གིས་བྱ་ཐབས་སྣ་ཚོགས་བརྒྱུད་དབུལ་སྐྱོར་ཐོན་ལས་ལ་ཧུར་ཐག་ཞུགས་ཡོད་པ་རེད། ཝུའུ་ལི་ཏུང་གིས“ཟླ་3རིང་བསྐྱོད་པའི་ལམ་དང་བཤད་པའི་སྐད་ཆ་དེ་སྔའི་ལོ་གཅིག་ལས་ཀྱང་མང་བ་ཡོད”ཅེས་བཤད།
           ཝུའུ་ལི་ཏུང་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འབད་བརྩོན་འོག་ཏ་ཏེ་གྲོང་ཚོའི་མང་ཚོགས་ཚོ་དབུལ་སྒྲོལ་ཐུབ་རྒྱུར་ཐོན་ལས་ཀྱི་འདེགས་སྐྱོར་དེ་བས་མང་བ་བཏོད་པ་་དང་། མྱུག་གསོ་བརྒྱུད་ཉེ་འགྲམ་གྲོང་ཚོར་སུར་པན་མུའུ་བརྒྱ་ལྷག་ཙམ་འདེབས་རོགས་བྱས་པ་དང་། ཕ་ཡུལ་དུ་ཕྱིར་ལོག་ལས་གཏོད་མཉམ་ལས་ཁང་བཙུགས་ནས་དུད་ཚང་དབུལ་པོ་20ལྷག་ཙམ་ནགས་ཁྲོད་བྱ་གསོ་དང་ངང་པ་གསོ་བར་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ། ཀུང་སི་དང་གྲོང་མི་མཉམ་ལས་བྱས་ཏེ་སྤུས་ལེགས་ཞོག་དམར་མུའུ་120བཏབ་པ་བཅས་རེད།
            ཧོང་ཀོང་ཧའེ་དང་ཝུའུ་ལི་ཏུང་གཉིས་ཀྱིས་གསར་འགོད་པར་ཁོང་གཉིས་འཐབ་ས་དང་པོར་བསྡད་རུང་རྒྱབ་རྟེན་ཚན་པས་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ནན་ཉིང་ཅུས་ཚོགས་པས་སྡེ་ཚན་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ཏ་ཏེ་གྲོང་ཚོའི་དབུལ་སྒྲོལ་ལ་ཞུགས་པ་དང་། འཐུང་ཆུའི་རྫིང་བུ་དྲུས་ནས་དུད་ཚང་དབུལ་པོ་60ལྷག་ཙམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་། གྲོང་ཚོའི་འགྲོ་ལམ་གྱི་གཡས་གཡོན་དུ་མེ་ཏོག་མཆིན་ཁ་དང་མེ་ཏོག་ཀུའེ་ཧྭ་སོགས་བཏབ་ནས་ཁོར་ཡུག་མཛེས་སུ་བཏང་བ། གྲོང་ཚོར་ཤར་གཏོང་ཐུབ་པའི་གློག་ལམ་ཉམས་བཟོ་བྱས་པ། དུས་བཀག་ལྟར་ཏན་དབྱང་སློབ་ཆུང་དུ་དབྱིན་ཡིག་སློབ་ཁྲིད་དང་བདེ་འཇགས་སློབ་གསོ་གཏོང་བར་སྐྱོད་པ་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་འདི་ལོར་གྲོང་ཚོར་ཤར་གཏོང་ཐུབ་པའི་ལམ་དུ་ཉི་གློག་བསྒར་རྒྱུ་དང་འབྲེལ་ལྕགས་ཟམ་ཞིག་ཀྱང་བསྐྲུན་རྒྱུ་རེད་ཅེས་བཤད།
            ཝུའུ་ལི་ཏུང་གིས“དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ཤུགས་སྣོན་རྒྱུན་མཐུད་རྒྱག་དགོས་ལ་བྱས་རྗེས་ཀྱང་ཡུན་རིང་འཇོག་དགོས། ཧོང་ཀོང་ཧའེ་ཡིས་རྨང་གཞི་བཏིང་བའི་ཐོག་མུ་མཐུད་ཕན་འབྲས་རྒྱ་ཆེར་གཏོང་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།