འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་རྒྱལ་ཁབ་140ཙམ་གྱི་འཐུས་ཚབ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་སྤེལ་དང་
    སྲུང་སྐྱོང་བྱེད་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་03ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཡུས་ཅན་ཧྭ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་སོ་བརྒྱད་པའི་ཐོག་རྒྱལ་ཁབ་140ཙམ་གྱི་འཐུས་ཚབ་བྱས་ནས་འགོ་བརྗོད་དུ“མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་སྤེལ་དང་སྲུང་སྐྱོང་བྱ”ཞེས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད།
            ཡུས་ཅན་ཧྭ་ཡིས། མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་བྱ་ཐུབ་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་ཕུགས་འདུན་རེད། འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་སྤེལ་དང་སྲུང་སྐྱོང་བྱ་དགོས་ན་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་འཛིན་རྒྱུ་དེ་ཡིན་པ་བསྟན་ཡོད།
            ཡུས་ཅན་ཧྭ་ཡིས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱ་དགོས་ཞེས་པ་དེ་ནི་མི་དམངས་ལ་བདེ་སྐྱིད་ཡོང་བ་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་ཕུགས་འབྲས་སུ་འཛིན་རྒྱུ་དང་། མི་དམངས་ཁྲོད་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཚོལ་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱིས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། རྒྱལ་ཁབ་ཁག་གིས་2030ལོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ནུས་ལྡན་དང་། དཔལ་འབྱོར་དང་སྤྱི་ཚོགས། ཁོར་ཡུག་བཅས་གསུམ་ཐད་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱ་དགོས་ཏེ་གཅིག་ཀྱང་མི་ལུས་པ་བྱ་དགོས་པ་བསྟན་ཡོད།
           ཡུས་ཅན་ཧྭ་ཡིས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱ་དགོས་ཞེས་པ་དེ་ནི་མི་དམངས་ཀྱི་ལ་རྒྱ་དང་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་པ་དང་། མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཀྱི་ཉམས་སྣང་མཐོ་རུ་བཏང་སྟེ་རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།  མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བས་དམངས་ཡོངས་ལ་དྲང་སྙོམས་ངང་ཕན་པ་ཐོབ་པ་བྱས་ནས་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་དགོས།  རྒྱལ་ཁབ་ཁག་གིས་དབུལ་ཕོངས་ཉུང་དུ་གཏོང་རྒྱུར་འབད་བརྩོན་བྱེད་ནས་འདྲ་མཉམ་མེད་པའི་གནས་ཚུལ་ཐག་གཅོད་བྱ་རྒྱུ་དང་མི་མང་པོར་ལས་ཀ་མཁོ་འདོན། མི་དམངས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། མི་དམངས་ལ་སྤུས་ལེགས་ཀྱི་སློབ་གསོ་དང་སྨན་བཅོས་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་དགོས།  སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བ་བྱ་དགོས། བུད་མེད་དང་བྱིས་པ། དབང་པོ་སྐྱོན་ཅན། ལོ་ན་མཐོ་བ། གྲངས་ཉུང་རིགས་རྒྱུད་ཀྱི་དབང་ཆ་བཅས་ལ་འགན་སྲུང་གང་ལེགས་བྱ་དགོས་པ་བསྟན་ཡོད།
            ཡུས་ཅན་ཧྭ་ཡིས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་གཙོ་བོ་རྒྱལ་ཁབ་དེ་གའི་སྲིད་གཞུང་དང་མི་དམངས་གཉིས་ཀར་བརྟེན་དགོས་པ་དང་། མ་ཟད་ཕྱོགས་མང་མ་ལག་དང་རྒྱལ་ཁབ་གཞན་དག་དང་མཛའ་གྲོགས་མཉམ་ལས་བྱས་ནས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་ཚད་གཞི་སྲུང་སྐྱོང་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་དགོས། ཕྱོགས་ཁག་གིས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་བགྲོ་གླེང་དང་མཉམ་ལས། ཕན་ཚུན་ཉམས་ལེན། མཉམ་དུ་ཡར་རྒྱས། དྲང་གཞག་ལུགས་མཐུན་བཅས་ཡོང་བ་བྱ་དགོས། ཕྱོགས་མང་གི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་ལས་ཀར་ཡོངས་ཁྱབ་རང་བཞིན་དང་། དྲང་གཞག་རང་བཞིན། དངོས་མཐུན་རང་བཞིན། གདམ་ག་མིན་པའི་རང་བཞིན་བཅས་འགན་ལེན་བྱ་དགོས། ཆབ་སྲིད་ཅན་དུ་འགྱུར་རྒྱུ་སྔོན་འགོག་བྱས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱ་དགོས་པ་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།