འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་དུས་སུ"ཤར་ཕྱོགས་སུ་བསྐྱོད་པ"

    —— ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གཏམ་རྒྱུད། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། 1987ལོའི་ཟླ་9པར་པེ་ཅིང་དུ་སློབ་སྦྱོང་བྱེད་པར་ཡོང་མ་ཐག་པའི་ཅོར་ཏན་གྱི་སློབ་མ་ཨ་ལ་ཧྥ་ཐེས་ཁྲོམ་གཞུང་ཆེན་པོའི་ཐོག་རྐང་འཁོར་མང་པོ་དུས་གཅིག་ཏུ་བཏང་བ་མཐོང་སྐབས“རྐང་འཁོར་འགྲན་བསྡུར”མིན་ནམ་སྙམ། དུས་ཀྱི་འཁོར་ཕྱོགས་དང་བསྟུན་ནས། ད་ཆ་རྒྱལ་སྒྲོལ་ཚོང་པ་ཆགས་པའི་ཨ་ལ་ཧྥ་ཐེས་སྔར་བཞིན་དེ་སྔའི་རྣམ་པ་དང་གནས་ཚུལ་བརྗེད་མེད་པ་དང་། ཀྲུང་གོའི་ས་གཞི་ཆེན་པོར་འཕོ་འགྱུར་ཆེན་པོ་བྱུང་བར་ཧང་སངས་པ་དང་ཆབས་ཅིག་རང་ཉིད་ཀྲུང་གོའི“དཔྱིད་དུས་ཀྱི་རླབས་རྒྱུན”གྱི་རྗེས་སྙེག་ཐུབ་པར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད།
           ཨ་ལ་ཧྥ་ཐེ་དང་འདྲ་བར། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་ཞུགས་མཁན་འཛམ་གླིང་དབུས་ཤར་ས་ཁུལ་གྱི་མི་ད་དུང་མང་པོ་ཡོད་ཅིང་། ཁོང་ཚོས་སྒྱུར་བཅོས་ཀྱི་དཔྱིད་རླུང་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ནང་ཞུགས་པ་དང་། ཁོང་ཚོས་སྒོ་དབྱེའི་ཉམས་མྱོང་ཁྱེར་ནས་རང་རྒྱལ་ཁབ་ཏུ་ལོག་སྟེ་མཉམ་ལས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱས་ཡོད། ལོ་40ཡི་རིང“ཤར་ཕྱོགས་སུ་བསྐྱོད་པ་དེས”ཁོང་ཚོའི་མི་ཚེའི་འོད་སྟོང་བཏོད་པ་དང་འབྲེལ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་དཔང་པོ་བྱས་པའི་ཤེས་ཚོར་གཏིང་ཟབ་བྱུང་ཡོད།
           ཨ་ལ་ཧྥ་ཐེ་ནི་མི་བསོད་ནམས་ཅན་ཞིག་རེད། 1992ལོར་ཁོང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ཐོན། ལོ་དེར་ཏེང་ཞའོ་ཕིང་གིས་ལྷོ་ཕྱོགས་ཀྱི་གླེང་མོལ་གནང་བའི་སྒང་རེད། སྒྱུར་བཅོས་ཟབ་གཏོང་དང་འཕེལ་རྒྱས་མགྱོགས་མྱུར་གཏོང་བའི་བསམ་ཕྱོགས་ཁ་གསལ་བྱུང་བའི་ཀྲུང་གོར“ཤར་རླུང་ལྡང་བ་དང་བསྟུན་ནས་དཔྱིད་དཔལ་རབ་ཏུ་བཞད་པ”ལྟར་ཡོད་པས་ས་ཕྱོགས་གང་སར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་རྣམ་པ་མྱོང་ཚོར་ཐུབ་ཀྱི་ཡོད།
          ཐོག་མའི་དུས་སུ་ཨ་ལ་ཧྥ་ཐེས་ཀྲུང་གོས་མ་འཇོག་བྱས་པའི་ཕྱི་རྒྱལ་ཁེ་ལས་ཤིག་ཏུ་ལས་ཀ་བྱས་པ་དང་། ལོ་3སོང་རྗེས། ཁོང་དང་གྲོགས་པོས་མཉམ་དུ་ལས་གཏོད་བྱས་ནས་ཉོ་ཚོང་དོན་གཅོད་ཁྲུའུ་ཞིག་བཙུགས་ཏེ་ཀྲུང་གོའི་ཡང་བའི་བཟོ་ལས་ཐོན་རྫས་སོགས་འཛམ་གླིང་དབུས་ཤར་ས་ཁུལ་རྒྱལ་ཁབ་ཏུ་ཕྱིར་གཏོང་བྱེད་ཀྱི་ཡོད།
           ད་ཆ། ཨ་ལ་ཧྥ་ཐེ་ཨ་རབ་ཚོང་པའི་གླེང་སྟེགས(ཀྲུང་གོ)ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་ཡིན་པ་དང་། ཚོང་དོན་མ་འཇོག་ཁེ་ལས་མང་པོ་ཞིག་གཉེར་སྐྱོང་བྱས་ཏེ་ཅོར་ཏན་དང་ཀྲུང་གོའི་ཀོང་ཀྲོའུ་དང་དབྱི་ཝུའུ་ས་གནས་གཉིས་དབར་ཕར་འགྲོ་ཚུང་འོང་བྱེད་བཞིན་ཡོད།
           ཁོང་གི་ལྟ་སྟངས་ལ་གཞིགས་ན། ལོ་40ཡི་སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་གྱིས་ཀྲུང་གོའི་ཁེ་ལས་ཆུང་གྲས་མང་པོ་ཞིག་འཛམ་གླིང་རིམ་པའི་ཁེ་ལས་ཆེ་གྲས་སུ་གྱུར་པ་དང་། དེའི་ནང་གི་ཐབས་མཆོག་ནི། སྒྱུར་བཅོས་རང་ངོས་དང་། སྒོ་དབྱེའི་ཁྲོམ་ར་བརྒྱུད་ཆགས་པའི་སྟོབས་ཤུགས་ལ་བརྟེན་ནས་ཕན་འབྲས་བརྟན་པོ་ཐོན་པ་དང་སྔོན་ཐོན་གྱི་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ་ཁྲོམ་རའི་ཁོར་ཡུག་ཡག་པོ་བཏོད་པ་དེ་རེད།
           1992ལོར། ལོ་26ལ་སླེབས་པའི་ཐུར་ཁེ་བ་མུའུ་ལ་ཐེ་·ཁོར་པ་ཤིས་ཀྲུང་གོའི་ས་གཞི་ཆེན་པོར་ཐེངས་དང་པོ་ཡོང་ནས། ཨ་ལ་ཧྥ་ཐེ་དང་མི་འདྲ་བ་དེ། ཁོང་གིས་ཁྱིམ་རྒྱུད་ཀྱི་གཟི་བརྗིད་ཆེན་པོ་བློ་ལ་བཅངས་པ་དང་ཕ་མེས་ཀྱི་བྱ་གཞག་རྨང་གཞི་ཁྱེར་ནས་ཀྲུང་གོར་ཡོང།
           1966ལོར། ཁོར་པ་ཤིས་ཀྱི་ཨ་ཕ་དང་ཨ་ཁུས་ཁྱིམ་རྒྱུད་ཀྱི་ཁེ་ལས་ཨ་རུའུ་མུའུ་ཁྱིམ་སྤྱོད་གློག་ཆས་ཀུང་སི་བཙུགས་ནས་ཁྱིམ་སྤྱོད་གློག་ཆས་ཆུང་གྲས་ཚོང་གཉེར་གཙོ་བོར་བྱས། ཐོན་རྫས་ཐུར་ཁེར་བཟོས་པ་དང་། ཁྲོམ་རའི་དམིགས་ཡུལ་ཡོ་རོབ་ཡིན་པ་རེད། ལོ་རབས་90པར་སླེབས་རྗེས། ཨ་རུའུ་མུའུ་ཀུང་སིས་རང་ཉིད་ཀྱི་ཐོན་རྫས་ལ་འགྲན་རྩོད་ནུས་པ་ཇེ་ཆུང་དུ་ཕྱིན་པ་དང་། ཡོ་རོབ་ཀྱི་མངགས་ཐོ་མང་པོ་ཞིག་ཀྲུང་གོའི་ཁེ་ལས་ལ་ཤོར་ནས་དཀའ་ཚེགས་ཆེན་པོ་ཡོད་པ་ཤེས་རྟོགས་ཐུབ། བསམ་བློར་དོགས་གཞི་མང་པོ་འཆང་བ་དང་ཁྱིམ་རྒྱུད་ཁེ་ལས་ཀྱི་འབྱུང་འགྱུར་ལ་བསམ་གཞིག་བྱས་ནས་ཁོར་པ་ཤིས་ཀྲུང་གོར་ཐབས་ལམ་འཚོལ་བར་ཡོང་། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ལེགས་ཆ་གང་དུ་ཡོད་མིན་དེ་ཁོང་གིས་རྟོགས་འདོད་ཤོས་ཤིག་ཡིན་པ་རེད།
           1992ལོར་ཀྲུང་གོར་ཡོང་བ་དེ་ཁོར་པ་ཤིས་ཀྱི་ངོས་ནས་བརྗོད་ཚེ་བློ་སྒོ་ཆེན་པོ་འབྱེད་པ་ཞིག་ཡིན་ཞིང་། ལོ་དེར་ཁོང་ཀྲུང་གོའི་ས་གནས་ཁག་གི་རིགས་མི་འདྲ་བའི་ཁེ་ལས་མང་པོ་ཞིག་ལ་བཅར་འདྲི་བྱེད་པར་བསྐྱོད་པ་དང་། སྐབས་དེ་དུས་ཀྱི་ཀྲུང་གོའི་མི་ཤུགས་མ་གནས་དམའ་པོ་ཡོད་པ་དེས་ཁོང་ཧང་སངས་བར་གྱུར། ཁོང་དང་ཀྲུང་གོའི་ཁེ་ལས་དབར་ཡོ་རོབ་ཁྲོམ་ར་ཐོབ་རེས་བྱེད་པ་ལས་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ལེགས་ཆར་བརྟེན་ནས་ཀྲུང་གོའི་ཁེ་ལས་དང་མཉམ་དུ་འགྲན་རྩོད་ཁྲོད་མཉམ་དུ་འཕེལ་རྒྱས་ཡོང་ཐབས་བྱ་རྒྱུ་དེ་ཁོང་གིས་དེ་མ་ཐག་ཏུ་ཐག་བཅད།
           ལོ་དེར་ཨ་རུའུ་མུའུ་ཀུང་སིས“རང་བརྟེན་སྤུས་རྟགས་དང་། རང་བརྟེན་ཇུས་འགོད། ཀྲུང་གོར་ལས་ཚབ་ལས་སྣོན”བཅས་ཀྱི་ཐོན་སྐྱེད་བྱ་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱེད་འགོ་ཚུགས། སྐབས་དེ་དུས་འདི་ནི་ཕྱི་རྒྱལ་གྱི་ཁེ་ལས་མང་པོ་ཞིག་གིས་ཀྲུང་གོར་མ་འཇོག་བྱེད་པར་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ཐོན་སྐྱེད་ཀྱི་མ་གནས་དམའ་རུ་ཕྱིན་ཡོད་ལ་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུའང་ཕྱིན་ཡོད།
          “སྔར་སོང་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་ཀྲུང་གོའི་བཟོ་སྐྲུན་ལས་རིགས་རྒྱ་སྟོབས་ཆེ་རུ་མགྱོགས་མྱུར་ཕྱིན་པ་དེས་ང་ཚོར་ཉེན་ཁ་གང་ཡང་བཟོས་མེད་པར། དེ་ལས་ལྡོག་སྟེ་གོ་ལ་ཧྲིལ་པོའི་ནང་གི་ང་ཚོའི་སྤུས་རྟགས་དང་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་སོང་། ཨ་རུའུ་མུའུ་སྤུས་རྟགས་དེ་ནི་ཐུར་ཁེ་རུ་བཏོད་པ་ཞིག་ཡིན་ཡང་དེ་ཀྲུང་ཐུར་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་སྲུང་སྐྱོང་འོག་འཕེལ་རྒྱས་བྱུང་བ་ཞིག་ཡིན”ཞེས་ད་ཆ་ཨ་རུའུ་མུའུ་ཀུང་སིའི་སྤྱི་ཁྱབ་ཡིན་པའི་ཁོར་པ་ཤིས་བརྗོད་ཀྱི་འདུག
           ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ཐད་ལེ་པ་ནོན་དཔལ་འབྱོར་རྩ་འཛུགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཨ་ཏེ་ནན་·གཱ་སའེ་ལ་རང་ཉིད་ཀྱི་ཕྱོགས་སྡོམ་དང་གདེང་འཇོག་བྱེད་སྟངས་ཤིག་ཡོད་པ་སྟེ། “སྒྱུར་བཅོས་སྒོ་དབྱེས་ཀྲུང་གོ་འཛམ་གླིང་ལ་སྒོ་དབྱེ་ཡོད་ལ། ཀྲུང་གོ་འཛམ་གླིང་ལ་སྐྱོད་ཡོད་པ”དེ་རེད།
           གཱ་སའེ་འདི་ལོ་ལོ་88ལ་སླེབས་པ་དང་། “ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་བྱ་དགའ”ཐོབ་མཁན་ཞིག་ཀྱང་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་50པའི་ལོ་འགོར་ལེ་པ་ནོན་དང་ཀྲུང་གོའི་དབར་ཕྱི་འབྲེལ་མ་བཙུགས་གོང་གཱ་སའེ་ཡིས་ཀྲུང་གོ་དང་ཚོང་གཉེར་བྱེད་འགོ་ཚུགས་ཡོད། ལོ་60ལྷག་ཙམ་རིང་། ཁོང་ཀྲུང་གོར་ཐེངས་50ལྷག་ཙམ་ཡོང་ནས་སྒྱུར་བཅོས་སྒོ་དབྱེའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དཔང་པོ་བྱས་ཡོད།
            “སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཆེས་མིག་རྒྱང་ལྡན་པའི་འཐབ་ཇུས་ཀྱི་གདམ་གའི་གྲས་ཤིག་རེད” “ད་ཆ། ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་ཨང་གཉིས་པར་གྱུར་པ་དང་། རྒྱལ་སྤྱིའི་ཚོང་དོན་་ཁྲོམ་ར་གཙོ་བོ་རེད། གལ་ཏེ་ཀྲུང་གོའི་ཁྲོམ་ར་མེད་ཚེ། རྒྱལ་སྒྲོལ་ཀུང་སི་ཞིག་ལ་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞེས་པ་གླེང་ཐབས་མེད”ཅེས་གཱ་སའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་ཀྱི་འདུག
            ལོ་40ཡི་རིང་། གཱ་སའེ་ཡིས་ཀྲུང་གོའི་ཚོང་ཟོག་དང་ཀྲུང་གོའི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མིག་མཐོང་ལག་ཟིན་ཐུབ་པ་དང་། ལེ་ཀྲུང་རྒྱལ་ཁབ་གཉིས་པོའི་ཚོང་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་། མི་སྣ་འགྲོ་འོང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པའི་འཕེལ་རྒྱས་བརྒྱུད་རིམ་གྱི་དཔང་པོ་བྱས་པ་དང་འབྲེལ་དེའི་ནང་ཞུགས་ཡོད། ཁོང་གིས་ཀྲུང་གོའི་ཚོང་དོན་ནི་འཕེལ་ཕྱོགས་ཤིག་ཡིན་པས་ཀྲུང་གོས་བཟོས་པའི་ཐོན་རྫས་ཉོ་རྒྱུ་ནི་འཕེལ་ཕྱོགས་ཤིག་ཡིན་ལ། ཀྲུང་གོའི་གསར་གཏོད་སྦྱོང་རྒྱུ་ནི་འཕེལ་ཕྱོགས་དེ་བས་ཡིན་པའི་ལྟ་སྟངས་འཛིན་གྱི་འདུག
            གཱ་སའེ་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ལྟ་སྟངས་ཡག་པོ་འཛིན་ཞིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”གིས་ཀྲུང་གོས་སྒོ་དབྱེ་སྔར་བས་བྱ་རྒྱུར་སྒུལ་ཤུགས་བསྣན་ཡོད་ལ། ད་དུང་དེའི་ནང་ཞུགས་མཁན་ཚང་མར་ཕན་པ་ཐོབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
            ཨ་ལ་ཧྥ་ཐེ་དང་། ཁོར་པ་ཤིས། གཱ་སའེ་སོགས་ནི་རྒྱལ་ཁབ་དང་། རྒྱབ་ལྗོངས། བགྲོད་ཤུལ་བཅས་མི་འདྲ་བ་ཡིན་པ་དང་། འདྲ་བའི་ཆ་ནི་ཁོང་ཚོ་ཚང་མ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་གྱི་རྗེས་བསྙེགས་ནས་གོ་སྐབས་འཚོལ་ཐུབ་པ་དང་འཕེལ་རྒྱས་བྱུང་བ་དེ་རེད། ཁོང་ཚོར་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ཁེ་སྤོགས་མཉམ་སྤྱོད་ཐུབ་ཡོད་ལ་ཀྲུང་གོ་དང་འཛམ་གླིང་མཉམ་འདྲེས་ཀྱི་ཕོ་ཉར་གྱུར་ཡོད།
            ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་ཐེབས་པ་དང་བསྟུན། ཀྲུང་གོ་དང་འཛམ་གླིང་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱང་རིམ་པ་གསར་པར་སླེབས་ཡོད། ད་ཆ་ཅོར་ཏན་དང་། དབྱི་རན། ཐུར་ཁེ། ཨར་ཅི་རི་ཡ་སོགས་རྒྱལ་ཁབ་ཚང་མར་ཀྲུང་གོའི་ཁེ་ལས་མཐོང་རྒྱུ་ཡོད་པ་དང་། ཕྱོགས་གཉིས་པོས་ཐོག་མའི་དུས་ཀྱི་ཐོན་རྫས་མཉམ་ལས་བྱེད་པ་ནས་མཐོ་གསར་ལག་རྩལ་མཉམ་ལས་དང་། དེ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་དང་གསར་གཏོད་མཉམ་ལས་བྱེད་པའི་བར་འཕེལ་རྒྱས་ཕྱིན་ཡོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲེང་ཁའེ་ལུན་དང་། ཀྲེང་སི་ཡོན་གྱིས། 
      

    ཕྱོགས་བསྡུས་གསར་འགྱུར།