མི་དམངས་དྲ་བ།

༄༅།།《དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་
ཤེས་རྟོགས་དང་གསོ་སྐྱོང་གདམ་གསེས་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བསམ་འཆར་》
ལ་གྲོས་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་6ཚེས་29ཉིན་ཚོགས་འདུ་འཚོགས་ཏེ《དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་ཤེས་རྟོགས་དང་གསོ་སྐྱོང་གདམ་གསེས་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། གདམ་གསེས་བཅས་བྱེད་པ་ནི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་དང་ཏང་གི་བྱ་གཞག་ལ་རྒྱུན་འཛིན་མཁན་ཡོད་པ་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ལས་བྱེད་པའི་ཚད་གཞི་དོན་འཁྱོལ་ཡག་པོ་མཐའ་གཅིག་ཏུ་བྱས་པ་དང་། ལོ་ཚད་ཀྱི་ཕྱོགས་ཞེན་སྤངས་པ། རྗེས་གྲབས་ལས་བྱེད་པའི་ལས་དོན་ལེགས་བཅོས་བྱས་པ། ལས་བྱེད་པ་འཚར་ལོངས་ཀྱི་ཐབས་ལམ་ལེགས་སུ་བཏང་བ། རྒྱུན་རྣམ་ཅན་གྱི་བཀོད་སྒྲིག་དམིགས་ཚད་ལ་སྐུལ་འདེད་བཏང་བས་ན་གཞོན་ལས་བྱེད་པའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
         ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ནས་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྱོང་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩ་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་གཅིག་འཛུགས་སྐྱོང་ལ་ཐུག་ཡོད། མཐར་གཏུགས་ནས་བཤད་ན། ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་ཁག་མང་པོ་གསོ་སྐྱོང་དང་གདམ་གསེས་བྱས་ནས་རྗེས་མཐུད་འབད་འཐབ་བྱེད་དགོས། དུས་རབས་གསར་པ་དང་ལས་འགན་གསར་པས་ང་ཚོར་འགན་འཁྲིའི་སེམས་པ་དང་ཁ་ཚ་དགོས་གཏུག་གི་སེམས་ཤུགས་ཆེ་རུ་བཏང་སྟེ་དེ་བས་རིང་བའི་མིག་རྒྱང་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་སྔ་ཙམ་ཤེས་རྟོགས་དང་། འཕྲལ་མར་གསོ་སྐྱོང་། རྒྱུན་ཆད་མེད་པར་གདམ་གསེས་བེད་སྤྱོད་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་སྣོན་དགོས་པའི་བླང་བྱ་བཏོན་ཡོད། དུས་རབས་གསར་པའི་ན་གཞོན་ལས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བསམ་ཕྱོགས་དང་། དམིགས་ཚད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་གཞིར་བཟུང་། བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་ན་གཞོན་ལས་བྱེད་པའི་ལས་དོན་གྱི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་ལ་སྔར་བས་སྐུལ་འདེད་གཏོང་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ཐང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཏང་གི་བྱ་གཞག་ལ་རྒྱུན་འཛིན་མཁན་ཡོད་པ་དང་དར་རྒྱས་གོང་འཕེལ་བཅས་ལ་དམིགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་ཞིང་དཀའ་སྡུག་གི་ཉམས་སད་ཐེག་པ། གྲངས་འབོར་འདང་ངེས་དང་གསོན་ཤུགས་ཀྱིས་ཁེངས་པའི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ན་གཞོན་ལས་བྱེད་པའི་དཔུང་ཁག་གཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། གདམ་གསེས་བཅས་ཤུགས་ཆེན་བྱེད་པར་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། ལས་བྱེད་པའི་ཚད་གཞི་དོན་འཁྱོལ་ཡག་པོ་བྱེད་པ། ལས་བྱེད་པ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ཡོང་ཁུངས་རྒྱ་སྐྱེད་དང་། གྲུབ་ཆ་ལེགས་གཏོང་། བྱེད་སྟངས་ལེགས་བཅོས། སྤུས་ཚད་མཐོར་གཏོང་བཅས་ཀྱི་བླང་བྱར་གཞིགས་པ། སྔར་བས་འདུ་ཤེས་གསར་གཏོད་དང་། བསམ་ཕྱོགས་གསར་གཏོད། རྣམ་པ་གསར་གཏོད་བཅས་བྱེད་པ། ཤེས་རྟོགས་དང་གསོ་སྐྱོང་ཤུགས་ཆེན་བྱེད་པ་རྨང་གཞིར་འཛིན་པ། ལག་ལེན་དངོས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་གཙོ་གནད་དུ་འཛིན་པ། ལེགས་འདེམས་ལེགས་སྤྱོད་འགན་ལེན་རྩ་བར་འཛིན་པ། དོ་དམ་ལྟ་སྐུལ་ནན་པོ་འགན་ལེན་བྱེད་པ། ན་གཞོན་ལས་བྱེད་པ་གདམ་གསེས་དང་། གསོ་སྐྱོང་། དོ་དམ། བེད་སྤྱོད་བཅས་གཅིག་ལ་གཅིག་རྟེན་ཡིན་ཁར་སྤྱི་འདོམས་སྐུལ་འདེད་གཏོང་བའི་འབྲེལ་ཐག་ཧྲིལ་པོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་རྒྱུན་ཆད་མེད་པར་ཐོན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པ་བཅས་བྱས་ཏེ་ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་ཕུལ་བྱུང་འགོ་ཁྲིད་ཤེས་ལྡན་པ་སྲིད་སྐྱོང་གི་རྐང་འཛིན་དཔུང་ཁག་ཏུ་གཅིག་ཏུ་བསྡུས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་ལས་བྱེད་པ་གསོག་འཇོག་འདང་ངེས་བྱེད་པ་དང་ཤེས་ལྡན་པའི་འགན་ལེན་མཁོ་འདོན་བྱེད་དགོས།
         ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་ལྟ་བ་ཟབ་ཏུ་བཏང་ནས་ན་གཞོན་ལས་བྱེད་པའི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ་དམ་འཛིན་ཡག་པོ་དང་དམ་འཛིན་ནན་པོ་བྱེད་དགོས་པ་དང་། ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་བ་ཨང་དང་པོ་ཡིན་པའི་ལས་ཀའི་འགན་འཁྲིའི་ལམ་ལུགས་བཟོས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱེད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་འཁྲིད་པ། རིམ་པ་བཞིན་འགན་འཁུར་བ། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ན་གཞོན་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། གདམ་གསེས་བཅས་བྱེད་པའི་ལས་ཀའི་ཕན་འབྲས་ཏང་འཛུགས་སྐྱོང་ལས་དོན་གྱི་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བརྩི་དགོས།
         ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།