འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་གློག་འཁྱུག་ཐོག་རྒྱག་མང་བའི་དུས་ཚིགས་འཆར་བས་དོགས་ཟོན་ཆེན་པོ་བྱེད་དགོས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ལོ་རེའི་ཟླ་དྲུག་པ་ནས་ཟླ་དགུ་པའི་བར་ནི་བོད་དུ་གློག་འཁྱུག་ཐོག་རྒྱག་མང་བའི་དུས་ཚིགས་ཡིན། བོད་རང་སྐྱོང་ལྗོངས་གནམ་གཤིས་གནོད་འཚེ་འགོག་སྲུང་ལག་རྩལ་ལྟེ་གནས་ཀྱི་གློག་འཁྱུག་ཐོག་རྒྱག་འགོག་སྲུང་ལག་རྩལ་ཆེ་མོ་བ་ཞུས་ཡུང་པིན་གྱིས། ཞིང་འབྲོག་ཁུལ་ནི་ཐོག་རྒྱག་གནོད་འཚེ་ཚབས་ཆེན་ཐོན་ཁུལ་དུ་གྱུར་ཡོད་པས། ཞིང་འབྲོག་པ་ཚོས་ཚན་རིག་དང་མཐུན་པའི་ཐོག་རྒྱག་འགོག་ཟོན་ཤེས་བྱ་དང་ཐོག་གཡོལ་བྱེད་ཐབས་མང་ཙམ་ཁོང་དུ་ཆུད་པར་བྱས་ཏེ་ཐོག་གི་གནོད་འཚེ་མི་ཕོག་པ་བྱེད་དགོས་ཞེས་བརྗོད་པ་རེད།
             བོད་ལྗོངས་གནམ་གཤིས་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལྟར་ན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སུ་གློག་འཁྱུག་ཐོག་རྒྱག་གི་གནམ་གཤིས་ཡང་སེ་སྟོན་གྱི་ཡོད་ལ་གནོད་འཚེ་མང་ཆེ་བ་ཞིང་འབྲོག་ཁུལ་དུ་ཐོན་གྱི་ཡོད་པ་རེད། 2017ལོར། བོད་ལྗོངས་གནམ་གཤིས་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་བྱུང་བའི་གློག་འཁྱུག་ཐེངས་73600ལྷག་ཙམ་དང་། འཚོལ་སྡུད་བྱུང་བའི་ཐོག་རྒྱག་གནོད་འཚེ་21ཟིན་ནས་མི་5རྐྱེན་ལམ་དུ་ཤོར་བ་དང་མི་3ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ད་དུང་ཐོག་རྒྱག་གནོད་འཚེའི་བཅུ་ཆ་དགུ་ཞིང་འབྲོག་ཁུལ་དུ་ཐོན་ཡོད་པ་རེད། འདི་ལོ་ཐོག་བརྒྱབ་ནས་མི་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་2ཐོན་པ་ཡང་ཞིང་འབྲོག་ཁུལ་དུ་ཡིན་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། ཐོག་རྒྱག་ལ་དོགས་ཟོན་དང་གནོད་འཚེ་ཉུང་གཏོང་ལས་དོན་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་ཆེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གནམ་གཤིས་སྡེ་ཚན་གྱིས་ལྗོངས་ཡོངས་ཁྱབ་ཁོངས་སུ་གློག་འཁྱུག་གནས་ངེས་དཔྱད་ཆས་32དང་རླུང་ཁམས་ཆེན་པོའི་གློག་ཁམས་དཔྱད་ཆས་4ལས་གྲུབ་པའི་གློག་འཁྱུག་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་པ་དང་། བོད་རྒྱ་སྐད་གཉིས་ཀྱི་བརྙན་འཕྲིན་གནམ་གཤིས་སྔོན་བརྡ་སོགས་གནམ་གཤིས་ཆ་འཕྲིན་སྤེལ་ལམ་བཏོད་པ། དབྱར་རྩྭ་དགུན་འབུ་བརྐོ་སར་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཐོག་ལ་དོགས་ཟོན་བྱ་རྒྱུའི་སྐོར་གྱི་ཚན་རིག་ཤེས་བྱ་སྒྲོག་འགྲེལ་བཅས་བྱས་ནས། གློག་འཁྱུག་ཐོག་རྒྱག་གི་སྔོན་བརྡ་དང་ཐོག་ལ་དོགས་ཟོན་གྱི་ཚན་རིག་ཤེས་བྱ་དྲིལ་བསྒྲགས་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།
           ཞུས་ཡུང་པིན་གྱིས་གློག་འཁྱུག་ཐོག་རྒྱག་གི་གནམ་གཤིས་བསྟན་ཚེ། སྒོ་དང་སྒེའུ་ཁུང་དམ་པོར་རྒྱག་དགོས་པ་མ་ཟད་ཁྱིམ་སྤྱོད་གློག་ཆས་ཁག་གི་གློག་སྒོ་ཡང་བཀག་དགོས་པ་དང་། གློག་ཁུངས་དང་དྲ་བ་སོགས་ཀྱང་བཀག་དགོས། རབ་བྱུང་ན་ཁ་པར་ཡང་རྒྱག་མི་ཉན། ཆུ་མདོང་དང་། དྲོད་རླངས་ལྕགས་མདོང་། སོལ་རླངས་ལྕགས་མདོང་སོགས་ཕྱིར་མངོན་པའི་ལྕགས་རིགས་དང་། བཞའ་ཚན་ཆེ་བའི་གྱང་ངོས། ཐོག་འགོག་ལྕགས་མདའ་སོགས་ཀྱི་ཉེ་སར་བཅར་མི་རུང་ཞེས་དྲན་སྐུལ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།