འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལས་ཀའི་ལམ་སྲོལ་བཏོད་དེ་ལས་བྱེད་པས་འགན་འཁྲི་ཡག་པོ་འཁུར་རྒྱུར་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། སྤྱིར་བཏང་གི་བྱ་བ་ཉིན་བདུན་ནང་སྒྲུབ་པ་དང་། རྙོག་འཛིང་ཆེ་བའི་བྱ་བར་ཟླ་བ་གཅིག་ནང་འབྲས་བུ་ཡོད་པ། ལོ་སྟོད་དུ་འཆར་འགོད་བྱས་པའི་བྱ་བ་ཚང་མ་ལོ་མཇུག་ཏུ་སྒྲུབ་པ་བཅས་བྱས་ཡོད། མཚོ་སྔོན་གྱིས་ལེ་ལོ་རྣམ་གཡེང་བཅོས་སྐྱོང་དང་སྒུག་བརྟེན་སློང་གསུམ་གྱི་བསམ་བློར་འགྱུར་ལྡོག་བཏང་སྟེ་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་འགན་འཁྲི་ཡག་པོ་ཁུར་རྒྱུར་སྐུལ་འདེད་གཏོང་ཆེད། ན་ནིང་ཟླ་ལྔ་པར་བཙུགས་པའི“710གྱི་ལས་ཀའི་ལམ་སྲོལ”དེ་འདི་ལོའི་ལོ་སྟོད་དུ་རིམ་སྤོར་བྱས་པ་སྟེ། “710གྱི་སྲིད་དོན་དྲ་བ་གཅིག”གི་ལྟ་སྐུལ་སྤྱི་འདོམས་མ་ལག་བཏོད་པ་རེད། ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ)རྫོང་བཅས་རིམ་གསུམ་སྲིད་གཞུང་གི་ས་ཁུལ་གྱི་ཚན་པ་1272དང་སྦྲེལ་མཐུད་བྱས་ཏེ། ལས་དོན་མཐའ་དག་གློག་རྡུལ་རྩིས་ཁྲའི་དོ་དམ་ཁོངས་སུ་འཇུག་རྒྱུ་དང་འབྲེལ་དུས་བཀག་བཞིན་ལྟ་བཤེར་དང་བརྡ་ཁྱབ་བཏང་ནས་དམིགས་གཏན་འཁེལ་བའི་བྱ་བ་ཚང་མ་དོན་འཁྱོལ་ཐུབ་པ་དང་ལན་ཡོད་པའི་འགན་ལེན་བྱས་པ་རེད།
            དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ན་བཤད་མ་ཐག་ལག་ལེན་བསྟར་བ་དང་དུས་བཀག་བཟོས་ནས་ལས་དོན་སྒྲུབ་དགོས། “ཐོག་མར་ངའི་བསམ་པར་ཉིན་བཅུ་གྲངས་སམ་ཡང་ན་ཟླ་ཕྱེད་འགོར་གྱི་རེད་སྙམ་བྱུང་། མགྱོགས་པོ་དེ་འདྲ་ཚར་གྱི་རེད་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཀྲོའུ་ཁྲའེ་ཏན་གྲོང་རྡལ་མ་ཧའེ་གྲོང་ཚོའི་གྲོང་མི་ལཱ་ཧ་ཐིས་བསྔགས་བརྗོད་བྱས། ན་ནིང་དགུན་ཁར་ལཱ་ཧ་ཐིའི་ཁྱིམ་གྱི་ལུག་ཁྱུ་སྤྱང་ཀིའི་ཁྱུ་ཚོགས་ཀྱིས་བསད་པས་གྱོང་གུན་ཆེན་པོ་ཕོག་སྟེ། འཚོ་བར་དཀའ་ངལ་འཕྲད་ཡོད། འདི་ལོ་གནས་སྐབས་རོགས་སྐྱོབ་ཀྱི་རེ་བ་ཞུ་སྐབས་རེ་བ་ཞུ་བའི་ཉིན་དེ་རང་ལ་སྒོར་16000རག་པ་རེད། གྲོང་རྡལ་སྲིད་གཞུང་གི་ལས་དོན་པ་མཱ་ཝེ་ལུང་གིས་《710གྱི་རྩིས་ཁྲའི་ཕྱོགས་བསྡུས་རེའུ་མིག་》ལ་མཛུབ་མོ་འཛུགས་བཞིན་གསར་འགོད་པར“710གྱི་ལས་ཀའི་ལམ་སྲོལ”ལག་ལེན་བསྟར་ཚུན། ཁོང་དང་ལས་རོགས་ཚོས་ཉིན་ལྟར་རྩིས་ཁྲའི་ཡིག་ཆ་རེ་རེ་ལེགས་སྒྲིག་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་དུས་ཐོག་ཤེས་ཐབས་བྱས་ཏེ། དུས་འགོའི་གྲ་སྒྲིག་ལས་ཀ་འབོར་ཆེན་ཞིག་བསྒྲུབས་པ་ཡིན་ཞེས་བཤད་བྱུང་།
            དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ན་གཅིག་ནས་དོན་ཐོག་ཏུ་འཁྱོལ་རྒྱུ་དང་བརྒྱུད་རིམ་ལ་དམ་འཛིན་བྱེད་དགོས་པ་མ་ཟད། གྲུབ་འབྲས་ལ་ལྟ་བ་དང་ཡག་པོ་སྒྲུབ་དགོས། ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་མཚོ་སྔོན་གྱིས་ཉིན་བརྒྱའི་འགག་སྒྲོལ་དང་རྫོགས་ལྡན་དུས་ཚིགས་ལ་མཉམ་དུ་འཐབ་རྩོད་བྱེད་པ་སོགས་ཀྱི་དུས་ཚིགས་དང་པོ་ནས་བཞི་པའི་བར་བརྗོད་གཞི་མི་འདྲ་བའི་ཆེད་དོན་བྱེད་སྒོ་རེ་རེ་བཞིན་སྤེལ་བ་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་དོན་གཙོ་བོར་དམིགས་ནས་གསལ་ཐོ་བཟོ་བ་དང་། འགན་འཁྲི་ཁ་གསལ་བཟོ་བ། བྱེད་ཐབས་ནན་དུ་གཏོང་བ་བཅས་བྱས་ཡོད། ཞིང་ཆེན་སྲིད་གཞུང་གི་སྲིད་འཛིན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་བཅའ་སྡོད་ཀྱི་སྲིད་འཛིན་ཞིབ་མཆན་འགོད་པའི་བྱ་བར་སླར་ཡང་གསེད་དཀྲོལ་དང་གོ་རིམ་སྟབས་བདེ་རུ་བཏང་ཞིང་། བྱ་བ་ཁག་108ཀྱི་ཞིབ་བཤེར་མཆན་བཀོད་ཀྱི་དུས་བཀག་ཐུང་དུ་བཏང་བ་དང་། བྱ་བ་ཁག་42ཉིན་བདུན་ནང་བསྒྲུབས་པ། བྱ་བ་ཁག་222ཟླ་བ་གཅིག་ནང་བསྒྲུབས་པ། བྱ་བ་ཁག་17འཕྲལ་མར་བསྒྲུབས་ནས་སྤྱི་ཡོངས་ཀྱི་ཞིབ་བཤེར་མཆན་བཀོད་ཀྱི་དུས་བཀག་40%ཡན་མཐོ་རུ་ཕྱིན་ཡོད་པ་རེད། ཏ་ཐུང་རྫོང་ཧྲོ་པེ་བོད་རིགས་ཤང་སྤེན་མ་ལུང་གྲོང་ཚོར་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཞིབ་བཤེར་མཆན་བཀོད་ཀྱི་རྣམ་གྲངས་མང་པོ་ཡོད། “ད་ཆ་ཞིབ་བཤེར་མཆན་བཀོད་བྱེད་ཚད་མགྱོགས་སུ་ཕྱིན་འདུག ལས་བྱེད་པ་ཚོ་རྒྱུན་དུ་འདི་གར་གཞུང་དོན་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཡོང་གི་འདུག”ཅེས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ལི་ཕེ་ཏུང་གིས་བཤད།
            དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ན་ལམ་ལུགས་ཀྱི་འགན་ལེན་ལ་དམ་འཛིན་དང་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་བྱེད་དགོས། “710གྱི་ལས་ཀའི་ལམ་སྲོལ”ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས་སྒྱིད་ལུག་རྣམ་གཡེང་གི་གནད་དོན་ཆེད་དོན་བཅོས་སྒྲིག་བྱས་ཤིང་། ཟི་ལིང་གྲོང་ཁྱེར་གྱིས“ལས་ཀ་གཙོ་བོ་འཕྲད་སྐབས་རང་འགན་གཞན་དཀྲི་བྱེད་པ་དང་ཁྲལ་སེལ་སླ་བཅོས”སོཌ་ཀྱི་གནད་དོན་རིགས་16གཙོ་གནད་ཐོག་བཅོས་སྒྲིག་དང་། “སྐད་འཕྲིན་སྲིད་དོན་ཚོགས་པ”སོགས་ཀྱི་ལས་དོན་སྒྲུབ་སྟངས་ཁྱབ་གདལ་ཧུར་ཐག་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལས་ཀའི་བྱ་ཐབས་གསར་གཏོད་བྱས་པ་རེད། མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་གིས“སྤྱོད་ཚུལ་ཏན་ཏིག་མེད་པ་དང་ལས་ཀ་སྣང་མེད་དུ་འཇོག་པ”སོགས་ཕྱོགས་6གི་བྱ་བ་ཁག་29བཅོས་སྒྲིག་གི་གཙོ་གནད་དུ་བཞག་སྟེ་གནད་དོན་དག་ཐེར་དང་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཟུང་འབྲེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།