འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱི་ཙུང་ཐུང་གིས་བཀའ་རྒྱར་མིང་རྟགས་བཀོད་ནས“ཀྲུང་གོའི་གནས་སྤོས་ཡུལ་
    མིའི་ཉིན་མོ”གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པར་ཙིར་གྱི་ཙུང་ཐུང་ཐེ་མེར་གྱིས་ཚེས་26ཉིན་བཀའ་རྒྱར་མིང་རྟགས་བཀོད་ནས་ལོ་ལྟར་གྱི་ཟླ་8ཚེས་15ཉིན་དེ“ཀྲུང་གོའི་གནས་སྤོས་ཡུལ་མིའི་ཉིན་མོར”དངོས་སུ་གཏན་འཁེལ་བྱས་པ་རེད།
         ཉིན་དེའི་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཐེ་མེར་གྱིས། ཀྲུང་གོའི་གནས་སྤོས་ཡུལ་མི་ནི་ལོ་200ལྷག་གི་གོང་དུ་པར་ཙིར་དུ་འབྱོར་ཡོད། 1900ལོའི་ཟླ་8ཚེས་15ཉིན་པར་ཙིར་གཞུང་ཕྱོགས་ཀྱིས་ཟིན་ཐོ་འགོད་པའི་ཀྲུང་གོ་བ་ཁག་དང་པོ་པར་ཙིར་དུ་སླེབས། ད་ཆ་ཀྲུང་གོ་ནི་པར་ཙིར་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་ལ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་པོའི་ཐད་ཀྱི་མཉམ་ལས་ཀྱང་རྒྱ་ཆེན་པོ་ཡོད་ཅེས་བརྗོད་ཅིང་། ཁོང་གིས། “རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་ནི་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་བྱས་ཡོད་པ་དང་། དཔལ་འབྱོར་ཁྱབ་ཁོངས་ནས་མཁའ་འགྲུལ་བར་ཁེབས་རྒྱ་ཆེ་བ་མ་ཟད། འབོ་གསེར་མཉམ་ལས་ཀྱི་སྒྲོམ་གཞིའི་འོག་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་ཡང་བརྟན་དུ་བཏང་ཡོད”ཅེས་བཤད་པ་རེད།
         ཐེ་མེར་གྱིས། “ཀྲུང་གོའི་གནས་སྤོས་ཡུལ་མིའི་ཉིན་མོ”དངོས་སུ་གཏན་ལ་ཁེལ་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞི་བརྟན་དུ་འགྲོ་རྒྱུ་མ་ཟད། ཕྱོགས་གཉིས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཀྱང་ཟབ་ཏུ་འགྲོ་རྒྱུ་དང་ཆབས་ཅིག་པར་ཙིར་གྱི་སྤྱི་ཚོགས་འཛུགས་སྐྲུན་ཐད་ཕུལ་བའི་ཕྱི་ཁོངས་ཀྲུང་གོ་བའི་ལེགས་སྐྱེས་ཀྱང་སྔར་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད་ཅེས་བཤད།
         པར་ཙིར་གྱི་གྲོས་ཚོགས་འོག་མའི་གྲོས་མི་ཀྲུང་གོའི་གྲོས་མིའི་འཐབ་ཕྱོགས་ཀྱི་ཀྲུའུ་ཞི་ཧྥུའུ་སི་ཐུའོ·ཕི་ན་ཐུའོ་ཡིས་ན་ནིང་གི་ཟླ་8ཚེས་15ཉིན་གྲོས་ཚོགས་འོག་མའི་ཚང་འཛོམས་ཚོགས་འདུའི་ཐོག་གྲོས་འགོ་བཏོན་ནས་ལོ་ལྟར་གྱི་ཟླ་8ཚེས་15ཉིན་དེ“ཀྲུང་གོའི་གནས་སྤོས་ཡུལ་མིའི་ཉིན་མོར”གཏན་འཁེལ་བྱ་རྒྱུའི་བླང་བྱ་བཏོན་ཡོད། ཚེས་26ཉིན་ཁོང་གིས། “ཀྲུང་གོའི་གནས་སྤོས་ཡུལ་མིའི་ཉིན་མོ”གཏན་ལ་ཁེལ་བ་དེས་པར་ཙིར་དུ་ཀྲུང་གོའི་རིག་གནས་ཁྱབ་སྤེལ་ཐུབ་ནས་པར་ཙིར་བ་སྔར་ལས་མང་བས་ཀྲུང་གོ་ཤེས་རྟོགས་ཐུབ་རྒྱུར་ཕན་པ་ཡོད་ཅེས་བཤད།
         པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གི་གནས་སྐབས་ལས་ཚབ་སུང་དབྱང་གིས། “‘ཀྲུང་གོའི་གནས་སྤོས་ཡུལ་མིའི་ཉིན་མོ’ཡི་བཀའ་རྒྱར་མིང་རྟགས་བཀོད་པ་དེས་ཀྲུང་གོ་དང་པར་ཙིར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ནི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་པར་ཙིར་དང་ནང་མིའི་ཆེད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་ཐོབ་པ་ཞིག་ཡིན་ལ་པར་ཙིར་གྱིས་མཉམ་སྡུད་མཉམ་གསོག་དང་སྒོ་དབྱེ་བསྟུན་མཁས་བྱས་པའི་མཚོན་ཚུལ་ཞིག་ཀྱང་ཡིན”ཞེས་བརྗོད།
         ཁོང་གིས། ཟླ་8ཚེས་15ཉིན་ནི་ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་དྲན་གསོའི་ཉིན་མོའང་ཡིན། ཉིན་མོ་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་བརྒྱ་ཕྲག་གི་རིང་ཀྲུང་གོའི་གནས་སྤོས་ཡུལ་མིས་པར་ཙིར་གྱི་འཕེལ་རྒྱས་ཐད་རྒྱལ་ཁབ་གཉིས་ཀྱི་སྤེལ་རེས་མཉམ་ལས་མུ་མཐུད་ཟབ་ཏུ་འགྲོ་བའི་ལོ་རྒྱུས་ལ་དཔང་པོ་བྱས་ཡོད་ཅེས་ནན་བཤད་བྱས་པ་རེད།
         1974ལོའི་ཟླ་8ཚེས་15ཉིན་ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་གྱི་འབྲེལ་བ་དངོས་སུ་བཙུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།