འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་གྱི་འཁོན་ལན་རང་བཞིན་གྱི་སྒོ་ཁྲལ་གཡོལ་ཆེད་ཨ་རིའི་སྦག་སྦག་བཟོ་
    མཁན་ཚོང་པས་ཐོན་སྐྱེད་སྒྲུབ་རིམ་ཁག་གཅིག་ཕྱི་རྒྱལ་དུ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་མནའ་འབྲེལ་གྱི་འཁོན་ལན་རང་བཞིན་གྱི་སྒོ་ཁྲལ་གཡོལ་ཆེད། ཨ་རིའི་ཧཱ་ལེ——ཏའེ་ཝེ་སེན་རྟགས་ཅན་སྦག་སྦག་ཀུང་སིས་ཚེས་25ཉིན་སྦག་སྦག་གི་ཐོན་སྐྱེད་སྒྲུབ་རིམ་ཁག་གཅིག་ཕྱི་རྒྱལ་དུ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         ཧཱ་ལེ——ཏའེ་ཝེ་སེན་རྟགས་ཅན་སྦག་སྦག་ཀུང་སིས། ཉིན་དེར་ཨ་རིའི་དངུལ་འཛིན་ཉོ་ཚོང་ཨུ་ལྷན་ལ་ཕུལ་བའི་ཡིག་ཆའི་ནང་དུ། ཨ་རིས་ཡོ་རོབ་མནའ་འབྲེལ་གྱི་ལྕགས་དང་ཧ་ཡང་ཐོན་ཟོག་གི་སྒོ་ཁྲལ་སྤར་བར་རྒོལ་ལན་སློག་ཆེད། ཡོ་རོབ་མནའ་འབྲེལ་གྱིས་ཨ་རི་ནས་ནང་འདྲེན་བྱས་པའི་ཧཱ་ལེ——ཏའེ་ཝེ་སེན་རྟགས་ཅན་སྦག་སྦག་གི་སྒོ་ཁྲལ་6%ནས་31%བར་མཐོ་རུ་བཏང་བ་དེས་ཨ་རིས་ཡོ་རོབ་མནའ་འབྲེལ་ལ་བཙོངས་པའི་སྦག་སྦག་གི་མ་གནས་ཆ་སྙོམས་སྦག་སྦག་རེ་ནས་ཨ་སྒོར་2200རེ་མཐོ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།
         ཧཱ་ལེ——ཏའེ་ཝེ་སེན་རྟགས་ཅན་སྦག་སྦག་ཀུང་སིས། ཡོ་རོབ་མནའ་འབྲེལ་ནི་ཧཱ་ལེ——ཏའེ་ཝེ་སེན་རྟགས་ཅན་སྦག་སྦག་གི་ཁྲོམ་ར་ཆེ་གྲས་ཨང་གཉིས་པ(ཨང་དང་པོ་ཨ་རི་ཡིན་པ)ཡིན་ལ། གལ་སྲིད་འཕར་བའི་མ་གནས་དེ་ཉོ་ཚོང་བྱེད་མཁན་ཚོང་པར་གཏོང་དུ་བཅུག་ཚེ། ཡོ་རོབ་མནའ་འབྲེལ་ས་ཁུལ་གྱི་ཀུང་སིའི་ལས་སྒོར་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་ངན་པ་རྒྱུན་མཐུད་ཐེབས་རྒྱུ་རེད། དེར་བརྟེན། ཀུང་སིས་ཉེ་ཆར་ཚོང་བའི་རིན་གོང་མི་སྤོར་བར་སྒོ་ཁྲལ་གྱི་ཁུར་པོ་རང་གཅིག་པུས་འཁུར་རྒྱུའི་ཐག་བཅད་ཡོད། ཡིན་ན་ཡང་འདིས་ཀུང་སིས་མ་གནས་ཨ་སྒོར་ཁྲི་སྟོང་ཕྲག་ཁ་ཤས་མཐོ་རུ་གཏོང་དགོས་ཀྱི་ཡོད་ཅེས་བརྗོད་པ་རེད།
         སྒོ་ཁྲལ་ལས་གཡོལ་ཆེད། ཧཱ་ལེ——ཏའེ་ཝེ་སེན་རྟགས་ཅན་སྦག་སྦག་ཀུང་སིས་ད་དུང་ཡོ་རོབ་མནའ་འབྲེལ་ས་ཁུལ་ལ་འཚོང་རྒྱུའི་སྦག་སྦག་ཐོན་སྐྱེད་སྒྲུབ་རིམ་དེ་ཨ་རི་ནས་ཕྱི་རྒྱལ་གྱི་བཟོ་གྲྭར་སྤོ་རྒྱུའི་ཐག་བཅད་མོད། ཡིན་ན་ཡང་། སྔོན་དཔག་བྱས་ན་ཕྱི་རྒྱལ་བཟོ་གྲྭར་མ་དངུལ་གསབ་འཇོག་བྱེད་པར་ཉུང་མཐར་ཡང་ཟླ་བ་9ནས་18བར་དགོས་ཀྱི་ཡོད་པ་རེད།
         དབྱེ་ཞིབ་མི་སྣས་བསྟན་དོན། ཧཱ་ལེ——ཏའེ་ཝེ་སེན་རྟགས་ཅན་སྦག་སྦག་ཀུང་སིའི་གོང་གསལ་གྱི་འཆར་གཞི་ལས་ཐེ་རོན་ཕུ་སྲིད་གཞུང་གི་ཚོང་དོན་སྲུང་སྐྱོང་རིང་ལུགས་སྲིད་ཇུས་ཀྱིས་མཐར་ཕྱི་རྒྱལ་གྱི་ཁྲོམ་རར་བརྟེན་མཁན་ཨ་རི་རང་གི་ཁེ་ལས་ལ་གནོད་པ་ཕོག་རྒྱུ་ཡིན་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།