འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དམངས་ཁྲོད་སྒྱུ་རྩལ་པ་གོ་མིང་དཔྱད་ཞིབ་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན།  ཟླ་6ཚེས་25ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་གོ་མིང་ལམ་ལུགས་སྒྱུར་བཅོས་ལག་བསྟར་བསམ་འཆར་ནང་། དམངས་ཁྲོད་སྒྱུ་རྩལ་རྒྱུན་འཛིན་གྱི་ཤེས་ལྡན་མི་སྣ་དང་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་གྱི་ཤེས་ལྡན་མི་སྣ། དམངས་ཁྲོད་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ།  ཞིང་འབྲོག་མི་སྣ་འཇོན་ཐང་ཅན་བཅས་དམིགས་བསལ་གྱི་ཤེས་ལྡན་མི་སྣ་ཡིན་པའི་ངོས་ནས་གོ་མིང་དཔྱད་འདེམས་ནང་བཅུག་རྒྱུ་ཡིན་པ་མ་ཟད་དེ་སྔའི་གོ་མིང་ཞིབ་དཔྱད་ནང་དཔྱད་རྩོམ་དང་དབྱིན་ཡིག་གི་ཆ་རྐྱེན་དམའ་རུ་བཏང་ནས་ཁྱད་པར་ལྡན་པའི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣའི་གདེང་འཇོག་མངོན་འགྱུར་བྱས་ཏེ ། ལག་རྩལ་རྩེར་སོན་དང་བྱས་རྗེས་འབུར་དུ་ཐོན་པའི་རིགས་ཁག་གི་རྒྱུན་འཛིན་མཁན་དང་ཞིང་འབྲོག་མི་སྣ་འཇོན་ཐང་ཅན། དོན་དངོས་ཀྱི་ནུས་པའི་ཆུ་ཚད་དང་བྱས་རྗེས་གྲུབ་འབྲས་ལ་གཞིགས་ནས། རྩོད་རྒྱུགས་དཔྱད་མོལ་དང་གྲུབ་འབྲས་འགྲེམས་སྟོན།  དཔྱད་ཞིབ་འོས་སྦྱོར་བཅས་བྱེད་པའི་རྣམ་པ་སྤྱད་པ་བརྒྱུད་ནས་ལས་ཀའི་གོ་མིང་དཔྱད་བསྡུར་གཏན་འབེབས་ནང་རེ་ཞུ་བྱེད་ཆོག
           ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གསོ་སྤེལ་བྱེད་ཁྱོན་ཆེ་བ་དང་། གྲངས་གཞི་ལས་མངོན་པར་བོད་ལྗོངས་ཀྱི་ད་ཡོད་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་1000ལྷག་ཙམ་དང་རིམ་ཁག་རྒྱུན་འཛིན་པ་མི་700ཙམ་ཡོད། ད་ཐེངས་ཀྱི་གོ་མིང་ལམ་ལུགས་སྒྱུར་བཅོས་དེས་བོད་ལྗོངས་སུ་དམངས་ཁྲོད་སྒྱུ་རྩལ་པ་གོ་མིང་ཞིབ་དཔྱད་ནང་ཞུགས་པའི་སྟོང་ཆ་སྐོང་པ་དང་།  གོ་མིང་ལམ་ལུགས་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལམ་ལུགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།