འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་མཐོ་རྒྱུགས་བསྡུ་ལེན་ལ་མཉམ་གཤིབ་རེ་འདུན་ཡིག་ཚགས་གཏོང་བའི་སློབ་བསྡུ་ཐོག་མར་སྤྱད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན་གྱི་སྔ་དྲོར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སློབ་བསྡུ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་མཚོ་སྔོན་གྱི་མཐོ་རྒྱུགས་བསྡུ་ལེན་ལ་མཉམ་གཤིབ་རེ་འདུན་ཡིག་ཚགས་གཏོང་བའི་སློབ་བསྡུ་ཐོག་མར་སྤྱོད་རྒྱུ་དང་འབྲེལ་ཞིང་ཆེན་ནང་ཁུལ་གྱི་སྣོད་བཅུད་དང་། དབུལ་སྐྱོར། བོད་རིགས་ས་ཁུལ་བཅས་ཀྱི་ཆེད་དོན་འཆར་གཞི་གསུམ་བཟོས་ནས་གཞི་རིམ་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་གཞིར་བཟུང་། འདི་ལོ་རྒྱུགས་སྤྲོད་སློབ་མའི་བདེ་རྩར་ཐུག་པའི་ཁེ་ཕན་ཁ་ཤས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བྱེད་ཐབས་གསར་པ་ཁ་ཤས་སྤྱོད་རྒྱུ་ཡིན་ཞིང་། འདི་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་གྱི་དངོས་གཞིའི་ཚན་ཁག་དཀྱུས་མའི་རིམ་པ་དང་པོ་དང་གཉིས་པའི་ཁག་ཐེངས་དབྱེ་སྟེ། ལོ་30ལྷག་ཙམ་རིང་སྐས་རིམ་རེ་འདུན་བྲིས་ནས་བསྡུ་བའི་ལོ་རྒྱུས་མཇུག་འགྲིལ་ཏེ་ཕྱོགས་ཡོངས་ནས་མཉམ་གཤིབ་རེ་འདུན་ཡིག་ཚགས་གཏོང་བའི་སློབ་བསྡུ་སྤྱོད་རྒྱུ་རེད། སྒྱུར་བཅོས་དེ་བྱས་པས་རྒྱུགས་སྤྲོད་སློབ་མ་བསྡུ་ལེན་མི་ཐུབ་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་ནས་སློབ་གྲྭ་ཁག་ལ་རེ་འདུན་འབྲི་བའི་གྲངས་འབོར་མང་དུ་ཆེས་ཆེར་འགྲོ་རྒྱུ་མ་ཟད་རེ་འདུན་འབྲི་བའི་གནོན་ཤུགས་ཀྱང་ལྟོས་བཅས་ཀྱིས་ཆུང་དུ་འགྲོ་སྲིད།
            མཚོ་སྔོན་གྱིས་གཞི་རིམ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁ་གཏད་མཚོ་སྐྱོར་གྱི་ལམ་སྲོལ་སྤྱད་དེ། ཅང་སུའུ་ཞིང་ཆེན་དང་གྲོས་མཐུན་བྱས་པ་བརྒྱུད། མཚོ་ལྷོ་ཀྲོའུ་དང་ཡུལ་ཤུལ་ཀྲོའུ་རུ་ཞིང་ཆེན་ཕྱི་རོལ་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི་ཁ་གཏད་བསྡུ་ལེན་རྐྱང་མའི་ཚོད་ལྟའི་ས་ཚིགས་ལག་བསྟར་བྱེད་འགོ་བཙུགས་པར། འདི་ལོའི་ཁ་གཏད་སློབ་བསྡུའི་ལོ་འདི་གའི་འབྲིང་རིམ་ལས་རིགས་སློབ་ཐོན་སློབ་མ་160ལྷག་ཙམ་ཟིན་གྱི་ཡོད། སྣོད་བཅུད་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་དགོས་མཁོར་གཞིགས་ནས་ཧྲའན་ཤིས་དབྱང་ལིང་ལས་རིགས་ལག་རྩལ་སློབ་གླིང་དུ“འགྲོ་ཕྱོགས་གཏན་འཁེལ་གྱི་སློབ་བསྡུ་དང་ཆེད་ལས་འཛིན་གྲྭ་གསོ་སྐྱོང”གི་བྱེད་སྟངས་སྤྱད་དེ་གཞི་རིམ་ཆུ་བེད་སྡེ་ཚན་ལ་ཁ་ཐང་བའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།