འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྟ་དམག་བའི་མི་སེམས་འགུལ་བའི་གླུ་གཞས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་བདུན་པའི་ཟླ་འགོའི་ཞོགས་པ་ཞིག་ལ། ཀྲུང་ནེའི་མཐའ་མཚམས་ཀྱི་སྐྱིད་གྲོང་གཙང་འགྲམ་ནས་རླངས་འཁོར་བཏང་སྟེ་སྐྱོད་སྐབས། སྔོ་ཐིང་ངེར་གནས་པའི་ནགས་ཚལ་དང་སྨུག་པས་བསྐོར་བའི་རི་བོ་མང་དག་ཅིག་མིག་ལམ་དུ་འཆར་བ་ནི་ལྷ་ཡུལ་དང་གཉིས་སུ་མ་མཆིས།
            མེ་ཏོག་སྣ་ཚོགས་བཞད་པའི་གྲོང་ཚོའི་ཐང་ཆེན་ནས་སྙན་འཇེབས་གླུ་སྒྲ་རི་ཀླུང་གང་སར་གྲགས། “ལ་ང་ཚོ་རྟ་དམག་གྲོང་ཚོར་ལ། ལིང་ཤང་མ་ཡོ། ལ་སྐྱིད་པའི་ཉི་མ་ཤར་སོང་། ལིང་ཤང་མ་ཡོ། ལ་སོ་ཡ་ལ། ལིང་ཤང་མ་ཡོ། བདེ་སྐྱིད་འཚོ་བ་ཐོབ་བྱུང་། ལིང་ཤང་མ་ཡོ། ལ་སོ་ཡ་ལ། ལིང་ཤང་མ་ཡོ། ལ་སོ་ཡ་ལ། ལིང་ཤང་མ་ཡོ། ལ་གུང་ཁྲན་ཏང་གི་སྲིད་ཇུས་ལ། ལིང་ཤང་མ་ཡོ”གྲོང་ཚོར་འབྱོར་རྗེས་ཤེས་རྟོགས་བྱུང་བར། གོང་གི་གླུ་གཞས་དེ་ནི་རྟ་དམག་གྲོང་ཚོའི་གྲོང་མིས་རང་བརྩོམས་རང་གཏོང་བྱས་པ་ཞིག་རེད་འདུག རྟ་དམག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་འགན་འཁུར་བས་ལོ་མང་རིང་རྟ་དམག་བས་《ལིང་ཤང་མ་》ཞེས་པའི་གླུ་གཞས་བཏང་ནས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱེད་ཀྱི་ཡོད་ཅེས་བཤད།
            “གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གུང་ཁྲན་ཏང་གི་བཀའ་དྲིན་འོག་ང་ཚོར་ད་ལྟའི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང”ཞེས་གྲོང་མི་ཚོས་སེམས་འགུལ་ཐེབས་བཞིན་བཤད།
           བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་གནས་པའི་རྟ་དམག་གྲོང་ཚོ་ནི་ཀྲུང་ནེའི་མཐའ་མཚམས་དང་བར་ཐག་སྤྱི་ལེ་30ཙམ་གྱི་སར་ཡོད། 1791ལོར་ཆིང་སྲིད་གཞུང་གིས་དམག་མི་བོད་དུ་གོར་ཁའི་བཙན་འཛུལ་དམག་འགོག་པར་མངགས་ཤིང་། དམག་མཇུག་འགྲིལ་རྗེས་གོར་ཁའི་དམག་མི་བརྒྱ་གྲངས་འགའ་ཞིག་མཐའ་མཚམས་ས་ཁུལ་དུ་རང་སོར་བསྡད་ནས་ཕ་ཡུལ་དུ་ལོག་མེད། ད་ལྟའི་རྟ་དམག་བ་ནི་ཁོང་ཚོའི་མི་རྒྱུད་རེད་ཅེས་ཤོད་སྲོལ་ཡོད། དེ་གོང་རྒྱལ་ཁོངས་ཀྱི་གནད་དོན་ཐག་གཅོད་མ་ཐུབ་སྟབས་རྟ་དམག་བ་ཚོས་གནས་མེད་ཡུལ་འགྲིམ་གྱི་འཚོ་བ་བསྐྱལ་ཡོད། 2003ལོའི་ཟླ་ལྔ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟ་དམག་བ་ཀྲུང་གོའི་རྒྱལ་ཁོངས་ནང་འཇུག་རྒྱུའི་ཆོག་མཆན་དངོས་སུ་བཀོད་པ་དང་། 2004ལོར་བོད་རང་སྐྱོང་ལྗོངས་ཀྱི་མཐའ་དར་དམངས་ཕྱུག་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་147བཏང་ནས་རྟ་དམག་བ་དུད་ཚང་49ལ་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་3846ཟིན་པའི་སྡོད་ཁང་བསྐྲུན་པ་དང་དེ་ནི་ད་ལྟའི་རྟ་དམག་གྲོང་ཚོ་རེད། དུས་དེ་ནས་བཟུང་རྟ་དམག་བར་སྡོད་ཁང་གསར་པ་བྱུང་བ་དང་། ཞིང་ཡང་བྱུང་ནས་ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་དང་ལྷག་དོན་དུ་མཐའ་མཚམས་ཀྱི་ཁ་གསབ་རོགས་དངུལ་དང་། སྣོད་བཅུད་ལས་གནས་ཀྱི་ཁ་གསབ་རོགས་དངུལ། མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་ཁ་གསབ་རོགས་དངུལ་སོགས་ལོངས་སྤྱོད་ཐུབ་ནས་འཚོ་བ་གསར་པ་ཞིག་སྐྱེལ་འགོ་ཚུགས།
           གྲོང་མི་མིག་དམར་གྱི་ཁྱིམ་དུ་སྐྱོད་སྐབས། ཕྲུ་གུ་འགའ་ཞིག་རྒྱ་ཆེ་བའི་ཚོམས་ཆེན་དུ་བསྡད་དེ་འགུལ་རིས་གློག་བརྙན་ལྟ་བཞིན་འདུག བོད་བཟོའི་ཁྱིམ་ཆས་བསྒྲིགས་པའི་སྡོད་ཁང་སྐྱིད་སྣང་ཤིན་ཏུ་དོད་ལ་ཁང་པ་ཤར་མའི་ཆ་སྒམ་ཐོག་ཉིན་མཁོའི་དངོས་རྫས་མང་པོ་བརྩེགས་ནས་བཞག་པ་ནི་མིག་དམར་དང་ཁོང་གི་བཟའ་ཟླས་བཙུགས་པའི་བརྒྱ་ཟོག་ཚོང་ཁང་གི་ཚོང་ཟོག་ཡིན་པ་དང་ཚོང་ཁང་ཆུང་ངུ་དེར་ལོ་ལྟར་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་རག་གི་ཡོད།
           “ད་ལྟ་འཚོ་བ་དངོས་གནས་སྐྱིད་པོ་འདུག གཞིས་རྩེར་གླ་པ་རྒྱུག་སྐབས་ང་གཉིས་ངོ་ཤེས་ནས་གཉེན་སྒྲིག་བྱས་པ་ཡིན། ཕྲུ་གུ་གཅིག་ཡོད་པ་དེ་ད་ལྟ་སློབ་གྲྭར་འགྲོ་ཡི་ཡོད”ཅེས་མིག་དམར་གྱིས་བཟའ་ཟླ་ལིའུ་ཧྲེང་ཡུང་ལ་ལྟ་བཞིན་བཤད། ཀྲུང་གོའི་རྒྱལ་ཁོངས་སུ་ཚུད་རྗེས་གྲོང་ཚོའི་རྟ་དམག་བ་དང་མི་རིགས་གཞན་དག་གི་གྲོང་མི་གཉེན་སྒྲིག་བྱེད་མཁན་མང་དུ་ཕྱིན་ནས“མཐུན་སྒྲིལ་ཁྱིམ་ཚང”རིམ་བཞིན་མང་དུ་ཕྱིན་ཡོད།
            2005ལོ་ཚུན་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་ལྷག་ཙམ་བཏང་ནས་རྟ་དམག་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རོགས་བྱས་ཏེ་འཚོ་བའི་སེམས་ཁྲལ་བསལ་ཡོད། ད་ཆ་རྟ་དམག་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་རྫོང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་སྒོར་8000ལྷག་ཙམ་ཟིན་པ་དང་གྲོང་ཚོའི་སློབ་ལོ་ལོན་པའི་བྱིས་པ་ཚང་མ་སློབ་གྲྭར་བསྐྱོད་དེ“སློབ་གསོའི་འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་ཀྱི་ཡོད། མིག་སྔར་གྲོང་ཚོའི་སློབ་མ་40ལྷག་ཙམ་སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་ཀྱི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།