འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་དུས་བྱ་རིགས་ཆིག་ཁྲི་ལྷག་ཚང་བཟོ་རྒྱུད་སྤེལ་དུས་སུ་སླེབས་པ། 

    འབབ་སྡོད་ཁུལ་ཁག་གཅིག་ལ་འགྱུར་ལྡོག་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་25ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས། མིག་སྔར་མཚོ་སྔོན་པོའི་དུས་བྱ་ཚང་བཟོ་རྒྱུད་སྤེལ་གྱི་དུས་སུ་སླེབས་ཤིང་། དུས་བྱ་མགོ་གྲངས་ཁྲི་4.6ལྷག་ཙམ་དེ་རུ་སླེབས་པ་དང་། མཚོ་སྔོན་པོའི་ཆུ་ཁ་འཕར་བ་དང་བསྟུན་ནས། དུས་བྱ་ཁག་གཅིག་གི་འབབ་སྡོད་བྱ་ཡུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད་ཅེས་བཤད།
           མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་རྒྱུན་འཁྱོངས་བྱེད་པའི་མཚོ་་གལ་ཆེན་དང་ནུབ་རྒྱུད་ཀྱི་མྱ་ངམ་ཐང་ཤར་དུ་རྒྱ་ཆེ་རུ་འགྲོ་བར་ཚོད་འཛིན་བྱེད་པའི་རང་བྱུང་གི་སྲུང་ཡོལ་ཡིན་པ་མ་ཟད། ད་དུང་ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ཤར་མའི་དུས་བྱའི་གནས་སྤོ་བྱེད་མཚམས་ཀྱང་ཡིན་པས། ལོ་ལྟར་དེ་གར་གནས་སྤོ་འབབ་སྡོད་བྱེད་པའི་དུས་བྱ་རིགས་92ཀྱི་མགོ་གྲངས་ཁྲི་20ལྷག་ཟིན་གྱི་ཡོད། དེ་བས་མཚོ་སྔོན་པོ་ནི་ཀྲུང་གོའི་མངའ་ཁོངས་ཀྱི་དུས་བྱ་རྒྱུད་སྤེལ་གྲངས་འབོར་མང་ཤོས་དང་ཁྱུ་ཚོགས་གཅིག་སྡུད་ཆེ་ཤོས་ཀྱི་རྒྱུད་སྤེལ་ཁུལ་ཞིག་ཀྱང་རེད།
          མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་མཚོ་སྔོན་པོའི་མཐའ་འཁོར་དུ་ཆུ་བྱ་འབབ་སྡོད་ཁུལ་23ཡོད་ལ། ཆུ་བྱ་རིགས་39དང་མགོ་གྲངས་46320ཟིན་ཡོད།
           མཚོ་སྔོན་ཞིང་ཆེན་གནམ་གཤིས་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། 2017ལོར་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4497.01ཟིན་ནས་ལོ་རྒྱུས་ཀྱི་ཆེ་ཤོས་བཏོད་ཡོད་།
           མིག་སྔར། མཚོ་སྙིང་ནི་ཆུ་བྱ་དཀྱུས་མའི་རིགས་ཀྱི་འབབ་སྡོད་ཁུལ་གཙོ་བོར་གྱུར་ཡོད་ན་ཡང་། མཚོ་སྔོན་པོའི་ཆུ་ཁ་འཕར་བ་དང་བསྟུན་ནས་ཁྲུང་ཁྲུང་མགོ་ཁྲའི་འབབ་སྡོད་ཁུལ་རིམ་གྱིས་བུ་ཧ་ཆུ་བོའི་གྲམ་ཐང་དུ་སྤོ་བཞིན་ཡོད་ལ། ད་ལྟ་ཁྲུང་ཁྲུང་མགོ་ཁྲ་1300ལྷག་གིས་དེ་གར་ཚང་བཟོས་ཡོད་པ་རེད།
           ཡུལ་སྐོར་གྱིས་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་བཏང་ནས། མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་བྱ་ཆེད། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་བྱ་གླིང་མཛེས་ལྗོངས་དང་བྱེ་མ་ལ་བདུན་མཛེས་ལྗོངས་འདི་ལོ་མུ་མཐུད་སྒོ་རྒྱག་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།