འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གྲོང་ཁྱེར་གྱི་དྲ་སྦྲེལ་ཁེ་ལས་བརྒྱ་ལྷག་གིས་གནད་སྨིན་དབུལ་སྐྱོར་བྱ་རྒྱུའི་གྲོས་འགོ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན། གསར་འགོད་པར་པེ་ཅིང་གྲོང་ཁྱེར་གྱི“དྲ་སྦྲེལ་དང་གནད་སྨིན་དབུལ་སྐྱོར་ཟུང་དུ་འབྲེལ་བའི”སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱི་དྲ་སྦྲེལ་ཁེ་ལས་བརྒྱ་ལྷག་གིས་གནད་སྨིན་དབུལ་སྐྱོར་ནང་ཞུགས་རྒྱུའི་གྲོས་འགོ་བཏོན་ཞིང་། ས་ཁུལ་དབུལ་པོའི་དྲ་རྒྱ་བསྐྲུན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་བྱ་སྤྱོད་ལ་སྐུལ་མ་གཏོང་བ་དང་། དྲ་རྒྱའི་རིག་སྐྱོར་གྱི་བྱ་སྤྱོད་སྤེལ་བ། སྤྱི་ཚོགས་སྤྱི་ཕན་གྱི་དབུལ་སྐྱོར་སྐུལ་སློང་བྱེད་པ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ཀྱི་དྲང་ནུས་དར་སྤེལ་གཏོང་བ་བཅས་ཀྱི་སྒོ་ནས་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་གྱི་ཁྲིད་སྟོན་པ་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་དུ་རྒྱལ་ཡོངས་ཀྱི་90%ཡན་གྱི་གཙོ་གནད་དྲ་འཕྲིན་ཁེ་ལས་གཅིག་སྡུད་བྱས་ཡོད་པས་གསར་གཏོད་དང་ཉེར་སྤྱོད་དམ་ཡང་ན་མ་དངུལ་དང་། ལག་རྩལ། གཞི་ཁྱོན་སོགས་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། པེ་ཅིང་གྲོང་ཁྱེར་གྱི་དྲ་སྦྲེལ་ཁེ་ལས་ཀྱིས་བྱ་ཐབས་འདྲ་མིན་སྣ་ཚོགས་སྤྱད་དེ་དབུལ་སྐྱོར་ནང་ཧུར་ཐག་ཞུགས་པ་དཔེར་ན། ཅིང་ཏུང་ཚོགས་པས་པེ་ཅིང་གྲོང་ཁྱེར་གྱིས་རྒྱབ་སྐྱོར་བྱེད་པའི་རྫོང་དབུལ་པོ་72ཁྲོད་ཀྱི་34དབར་མཉམ་ལས་བྱས་ཏེ་ཅིང་ཏུང་དྲ་བར་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་དབུལ་སྐྱོར་བྱ་ཡུལ་ས་ཁུལ་དབུལ་པོའི་ཁྱད་ལྡན་ཡུལ་ཟོག་ཚོང་ཁང་23འཛུགས་རོགས་བྱས་ཡོད། ཤིན་ལང་དཔོད་ཆུང་གིས་2012ལོར་སྒུལ་བདེའི་དྲ་སྦྲེལ་ཁྱབ་ཁོངས་སུ་སྤྱི་ཕན་གྱི་ལས་སྟེགས་ཆུང་ངུ་སྔོན་ལ་ཁྱབ་གདལ་བཏང་ཞིང་། མིག་སྔར་སྤྱི་ཕན་ལས་སྟེགས་ཆུང་ངུའི་ཐོག་སྤུས་རྟགས་རྣམ་གྲངས་280ལས་བརྒལ་བ་དང་། མི་སྒེར་གྱི་སྤྱི་ཕན་རྣམ་གྲངས་21960ལྷག་ཟིན་ཡོད། སྤྱི་ཚོགས་དབུལ་སྐྱོར་དྲ་རྒྱ་ན་ནིང་ཟླ་7པར་སྤྱོད་འགོ་ཚུགས་ཚུན། གཅེས་སེམས་རོགས་སྐྱོར་དང་། དབུལ་སྐྱོར་དམངས་གྲབས། དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར། དབུལ་སྐྱོར་གྲུབ་འབྲས་སྟོན་པ། དབུལ་སྐྱོར་གྱི་གདེང་འཇོག་བཅས་ཀྱི་ལས་སྟེགས་འགའ་བཏོད་དེ་དུད་ཚང་དབུལ་པོར་མཁོ་བའི་ཆ་འཕྲིན་ཁྲི་320ཡོངས་བསྒྲགས་བྱས་པ་དང་། དགོས་མཁོ་སྦྲེལ་མཐུད་བྱེད་ཚད་ཁྲི་220ལེགས་གྲུབ་ཟིན་ནས་སྦྲེལ་མཐུད་ལམ་ལྷོངས་བྱུང་ཚད་68%ལས་བརྒལ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།