འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱ་ཡུལ་དུ་ལྟ་སྐོར་བྱས་པའི་ཟིན་ཐོ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཆང་། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6པའི་ཕོང་དབྱང་དུ་གནམ་གཤིས་ཧ་ཅང་སྐྱིད། ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཕྱི་འབྲེལ་དཔོན་དང་ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་དང་བཅས་པས་ཉེ་ཆར་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱ་ཡུལ་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་དུ་ལྟ་སྐོར་བྱས་པ་རེད།
            ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་ནི་ཁྲའོ་ཞན་གྱི་འགོ་ཁྲིད་པ་འདས་པོ་ཅིན་རི་ཁྲེང་གིས་1946ལོའི་ཟླ་10པར་བཙུགས་པ་དང་ཁྲའོ་ཞན་གྱི་སློབ་གླིང་མཐོ་ཤོས་ཡིན། ད་ཆ་ཚན་ཁག་36དང་། ཞིབ་འཇུག་པ་14 སློབ་དཔྱོད་ཁང་དང་ཞིབ་འཇུག་ཁང་500ལྷག་ཙམ་བཅས་ཡོད་པ་མ་ཟད། ཡོན་ཧྲི་9དང་རྗེས་སྣོན་ཡོན་ཧྲི་19ཚུད་པའི་དགེ་རྒན་ཆེ་མོ་བ་700ལྷག་དང་དེ་བཞིན་དགེ་རྒན་དང་ཞིབ་འཇུག་པ་6000ལྷག་ཡོད་ཁར། སློབ་སྦྱོང་བྱེད་མུས་ཀྱི་དངོས་གཞིའི་སློབ་མ་ཁྲི་2ལས་བརྒལ་བ་བཅས་ཡོད་པ་རེད།
           སློབ་ཁུལ་དུ་བསྐྱོད་ཚེ་མིག་ལམ་དུ་མངོན་པ་ནི་བཟོ་བཀོད་བརྗིད་ཆགས་དང་། ལྟ་ན་སྡུག་པའི་སྐྱེད་ཚལ་དང་བགྲོད་ལམ་གཙང་དག་ཡིན་པ་དང་། སློབ་ར་ནི་རྩི་ཤིང་ར་བ་ཞིག་དང་འདྲ་བར་ལྗོན་ཤིང་སྣ་ཚོགས་ཀྱི་ངོས་སུ་ཡི་གེའི་གསལ་བཤད་དང་མཚོན་རྟགས་ཡོད་ཅིང་། སློབ་གྲྭའི་ནང་གི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་ཡིན་པ་དང་། ཟ་ཁང་ཆེ་གྲས་དང་། ཆུ་རྐྱལ་ཁང་། ལུས་རྩལ་ཁང་། རྐང་རྩེད་སྤོ་ལོའི་ར་བ། ལུས་སྦྱོང་ཁང་སོགས་ཚུད་པའི་སྒྲིག་བཀོད་ཚང་མར་མི་སྣ་ཕུལ་བྱུང་གིས་དོ་དམ་བྱེད་ཀྱི་ཡོད་པ་རེད།
           ཁྲའོ་ཞན་གྱི་ཕེབས་རོགས་མི་སྣའི་སྣེ་ཁྲིད་འོག ལྟ་སྐོར་བས་སློབ་ཆེན་གྱི་གསར་བརྗེའི་ལོ་རྒྱུས་བཤམས་སྟོན་ཁང་དང་། ཆུ་རྐྱལ་ཁང་། ཕྱི་སྦྱོང་སློབ་མའི་སློབ་ཁྲིད་ཐོག་ཁང་སོགས་ལ་ལྟ་སྐོར་བྱས་པ་ཡིན།
           འགྲེལ་བཤད་པས་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་མི་རབས་གསུམ་གྱི་སེམས་ནུས་འདུས་ཡོད། སྔ་དུས་སློབ་གྲྭ་སྐྲུན་རིང་ཅིན་རི་ཁྲེང་རང་ཉིད་ངོ་མས་སློབ་ཆེན་གྱི་སློབ་ཁྲིད་འདུ་ཤེས་དང་། བསླབ་ཚན་བཀོད་སྒྲིག སློབ་རའི་ཇུས་འགོད་སོགས་ལ་མཛུབ་ཁྲིད་ཞིབ་ཚགས་བྱས་པ་རེད། ཅིན་ཀྲེང་རིས་སྔོན་ཆད་སློབ་གྲྭ་འདིར་སློབ་སྦྱོང་བྱེད་མྱོང་བ་མ་ཟད་རང་ཉིད་ཀྱི་སླད་ཕྱིན་གྱི་རྒྱལ་ཁབ་སྐྱོང་བའི་བསམ་བློ་ཁག་གཅིག་ཀྱང་དེ་ནས་བྱུང་། སློབ་གྲྭའི་དེང་རབས་ཅན་འཛུགས་སྐྲུན་ལ་ཅིན་ཀྲེང་ཨེན་གྱིས་སེམས་ཁུར་ཧ་ཅང་ཆེན་པོ་བྱས་པ་དང་ཐེངས་མང་པོ་ཁོང་ངོ་མས་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱས་པ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
          སློབ་ཆེན་གྱི་གསར་བརྗེའི་ལོ་རྒྱུས་བཤམས་སྟོན་ཁང་དུ་སློབ་གྲྭ་བསྐྲུན་འགོ་ཚུགས་ཚུན་གྱི་རིག་གཞུང་ཡིག་ཆ་དང་། ལག་ཁྱེར། པར་རིས། དཔེ་དེབ། པར་དེབ། དྲན་རྟེན་དངོས་པོ་སོགས་བཤམས་ཡོད་ཅིང་། བག་ཆགས་ཟབ་ཤོས་ནི་འདྲ་པར་ཁ་ཤས་ཤིག་ཡིན་ལ་དེ་དག་ལས་ཁྲའོ་ཞན་གྱི་འགོ་ཁྲིད་པ་དང་འཛུགས་སྐྲུན་པས་ཇི་ལྟར་བྱས་ཏེ་དེ་སྔའི་ས་རྒོད་དེ་ད་ལྟའི་གཞི་ཁྱོན་ཆེ་བའི་རིག་གཞུང་དང་ཚན་ཞིབ་ཀྱི་རྟེན་གཞིར་བསྒྱུར་པ་མཚོན་གྱི་ཡོད་པ་རེད།
          མི་རབས་ཁ་ཤས་ཀྱི་ཤེས་ལྡན་པ་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་ནས་ཐོན་ཏེ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་གནས་ཁག་ཏུ་བསྐྱོད་པ་དང་། བཤམས་པའི་སློབ་ཐོན་ལག་ཁྱེར་དང་རིག་གཞུང་ལག་ཁྱེར་རེ་རེའི་ཐོག་ནས་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་གྱི་རང་བརྟེན་ནུས་པ་ཆེན་པོ་མངོན་ཡོད། དེ་གར་སློབ་འབྲིང་ནས་རྒྱུགས་འཕྲོད་དེ་བསྡུས་པའི་སློབ་མ་ཕུལ་བྱུང་ཡོད་པ་ཕུད་ད་དུང་དམག་དཔུང་དང་། བཟོ་གྲྭ གྲོང་གསེབ་བཅས་ནས་བདམས་པའི་ན་གཞོན་ཡང་ཡོད་པ་རེད།
          འགྲེལ་བཤད་པར་རྒྱ་སྐད་ཀྱི་སྐད་སྒྱུར་བྱེད་རོགས་བྱེད་མཁན་ཕྱི་ཡིག་ཚན་ཁག་གི་རྒྱ་ཡིག་དགེ་རྒན་ཚུའེ་ཀྲི་ཧུའེ་ཡིས། ད་ཆ་སློབ་ཆེན་དུ་རྒྱ་ཡིག་སྦྱོང་བའི་སློབ་མ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་ཐོག་ནས་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་གྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་སྔར་བས་མཐོང་ཆེན་བྱེད་ལུགས་མཚོན་གྱི་ཡོད་ཅེས་བརྗོད།
          སློབ་ཆེན་དུ་ད་དུང་ཕྱི་ཕྱོགས་དང་འབྲེལ་བའི་ཁྲའོ་ཞན་སྐད་ཀྱི་འཛིན་གྲྭ་བཙུགས་ཡོད་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་གྱིས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཁ་ཤས་ལ་སློབ་ཁྲིད་བྱེད་ཀྱི་ཡོད།
          རུས་མིང་ཚུའེ་ཞེས་པའི་བཟོ་བཀོད་པ་ཞིག་གིས། སྔོན་ཆད་ངས་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་ཆེན་དུ་སློབ་སྦྱོང་བྱེད་མྱོང་བ་དང་། སློབ་སྦྱོང་གི་ནང་དོན་ཐད་ཚན་རྩལ་ཡོད་པ་ཕུད་ད་དུང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་མཚན་ཉིད་རིག་པ་ཚུད་ཡོད། སློབ་ཆེན་དེས་ཕྱོགས་ཡོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱི་ཡོད་པ་དང་སློབ་མས་རང་ཉིད་ཀྱི་བསམ་འདུན་ལྟར་སློབ་ཚན་གདམ་ཆོག ང་ནི་གློག་ཀླད་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན་ནའང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ལའང་རྒྱུས་མངའ་ཆེན་པོ་ཡོད་པས་དེས་སླད་ཕྱིན་གྱི་ལས་ཀར་གོ་ཆོད་པོ་ཡོད་ཅེས་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།