འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་རིམ་པའི་ཞིང་ལས་ཐོན་ཟོག་སྤུས་བཤེར་སྒྲིག་གཞི་དང་གཞི་རིམ་གྱི་ཞིང་ལས་ཐོན་ཟོག་
    སྤུས་བཤེར་ས་ཚིགས་བརྒྱའི་དབར་ཆ་སྒྲིག་རོགས་སྐྱོར་གྱི་ལམ་སྲོལ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་22ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཚེས་20ཉིན། ཞིང་ལས་གྲོང་གསེབ་པུའུ་ཡིས་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་པུའུ་དང་རྫོང་གི་ཞིང་ལས་ཐོན་ཟོག་སྤུས་བཤེར་སྒྲིག་གཞི“བརྒྱ་གཉིས”ཀྱི་འབྲེལ་མཐུད་རོགས་སྐྱོར་བྱེད་སྒོ་སྤེལ་འགོ་བརྩམས་པ་དང་། ཞིང་ལས་གྲོང་གསེབ་པུའུ་སྔོ་ཚལ་སྤུས་བཤེར་ལྟེ་གནས(པེ་ཅིང)སོགས་པུའུ་རིམ་པའི་ཞིང་ལས་ཐོན་ཟོག་སྤུས་བཤེར་སྒྲིག་གཞི་100དང་ཧྲའན་ཤིས་ཞིང་ཆེན་ཆི་ཧྲན་རྫོང་ཞིང་ལས་ཐོན་ཟོག་སྤུས་བཤེར་ས་ཚིགས་སོགས་རྫོང(གྲོང་ཁྱེར་དང་ཆུས)རིམ་པའི་ཞིང་ལས་ཐོན་ཟོག་སྤུས་བཤེར་ས་ཚིགས་103བདམས་ནས་ཆ་སྒྲིག་རོགས་སྐྱོར་གྱི་ལམ་སྲོལ་བཙུགས་ཤིང་། རྒྱལ་ཡོངས་ཞིང་ལས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་འཇལ་མ་ལག་འཐུས་སྒོ་ཚང་དུ་འགྲོ་བར་དཔེ་སྟོན་སྣེ་ཁྲིད་བྱས་པ་རེད།
           ད་རེས་ཀྱི་ཆ་སྒྲིག་རོགས་སྐྱོར་གྱི་གཙོ་གནད་ནི་གཅིག་ནས་གཞི་རིམ་གྱི་ཞིང་ལས་ཐོན་ཟོག་སྤུས་བཤེར་སྒྲིག་གཞིར་རོགས་རམ་བྱས་ཏེ་ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལས་དོན་དང་འཚམ་པའི་སྤུས་ཚད་དོ་དམ་མ་ལག་བསྐྲུན་རྒྱུ་དང་། གཉིས་ནས་འབྲེལ་མཐུད་རོགས་སྐྱོར་བྱ་ཡུལ་གྱི་ཞིང་ལས་ཐོན་ཟོག་ཚད་ལེན་ཚོད་ལྟ་ཁང་གི་ཁོར་ཡུག་དང་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱ་རྒྱུ། གསུམ་ནས་འབྲེལ་མཐུད་རོགས་སྐྱོར་བྱ་ཡུལ་གྱི་ཞིང་ལས་ཐོན་ཟོག་ཚད་ལེན་མི་སྣའི་ལག་རྩལ་ཆུ་ཚད་དང་ཞིབ་བཤེར་ཚད་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་བཅས་རེད།
            ད་ལོ་ནི་ཞིང་ལས་གྲོང་གསེབ་པུའུ་ཡིས་གཏན་ལ་འཁེལ་བའི“ཞིང་ལས་སྤུས་ཚད་ཀྱི་ལོ”ཡིན། ཤེས་གསལ་ལྟར་ན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ཞིང་ལས་ཐོན་ཟོག་སྤུས་ཚད་བདེ་འཇགས་ལྟ་སྡོམ་མ་ལག་གི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། 2006ལོར་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ཟོག་སྤུས་ཚད་ཀྱི་བདེ་འཇགས་ཞིབ་བཤེར་ཚད་ལེན་མ་ལག་འཛུགས་པའི་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པ་མ་ཟད། པུའུ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་ཞིང་ལས་ཐོན་ཟོག་སྤུས་ཚད་ཀྱི་བདེ་འཇགས་ཞིབ་བཤེར་ཚད་ལེན་སྒྲིག་གཞི་3293བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པས་མིག་སྔར་ཞིབ་བཤེར་ཚད་ལེན་མི་སྣ་ཁྲི་3.2ཟིན་ཡོད། 
             ཐོན་ཁུལ་གཙོ་བོ་དང་། ཞིང་ལས་ཐོན་ཟོག་གཙོ་གནད། འགག་རྩའི་གནོད་འཚེའི་རྒྱུ་རྐྱེན་བཅས་ལ་ཁྱབ་པའི་ཞིང་ལས་ཐོན་ཟོག་བཅས་ཀྱི་སྤུས་ཚད་བདེ་འཇགས་ཉེན་ཁའི་ལྟ་སྐུལ་ཚད་ལེན་དང་ཉེན་ཟོན་དྲ་རྒྱའི་མ་ལག་སྤྱིར་ན་གྲུབ་པར་བརྟེན། ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་ཆེད་ལག་རྩལ་གྱི་འདེགས་སྐྱོར་གལ་ཆེན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།