འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིན་མོར་སྐྱེལ་འདྲེན་ལས་ལ་ཞུགས་ཤིང་དགོང་མོར་ཟློས་གར་འཁྲབ་པར་གཞོལ། 

    —— ལྷ་སའི་མང་ཚོགས་ཀྱིས་དངོས་ལྗོངས་ཟློས་གར་ནང་ཞུགས་ནས་འབབ་འཕར་ཡོང་བ་བྱས་པའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་20ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་གྲོང་ཚོའི་ཕོ་གསར་བློ་བསྟན་གྱིས་ཉེ་བའི་ལོ་ཤས་རིང་བོད་ཀྱི་རིག་གནས་ཀྱི་དངོས་ལྗོངས་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་《འུན་ཤིང་ཀོང་ཇོའི་》འཁྲབ་སྟོན་ནང་ཞུགས་ནས་འཁྲབ་བྱའི་མི་སྣ་མང་པོ་ཞིག་འཁྲབ་པས་ཡོང་འབབ་མང་པོ་ཞིག་བྱུང་ཡོད་པ་རེད། འོན་ཀྱང་ཉིན་མོར་བློ་བསྟན་ནི་ལྗིད་འདེགས་རླངས་འཁོར་བཏང་ནས་སྐྱེལ་འདྲེན་གྱི་ལས་ལ་ཞུགས་མཁན་ཞིག་རེད། འཁྲབ་སྟོན་བྱེད་རིང་བློ་བསྟན་དང་འཁྲབ་ཚན་དེ་མཉམ་དུ་འཁྲབ་སྟོན་བྱེད་མཁན་པ་སངས་ཆོས་སྒྲོན་གཉིས་ངོ་ཤེས་ཤིང་། རྗེས་སུ་ཁོང་གཉིས་གཉེན་སྒྲིག་བྱས་པ་རེད།
            འཁྲབ་ཚན་དེས་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག ས་གནས་དེ་གའི་མང་ཚོགས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་སྟེ་མཐའ་འཁོར་གྱི་ཞིང་འབྲོག་པ་དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད། ལོ་མང་པོར་འཁྲབ་སྟོན་བྱེད་རིང་མང་ཚོགས་1200ལྷག་ཙམ་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་རེད། འཁྲབ་ཚན་དེ་འཁྲབ་སྟོན་པ་800ལྷག་ཙམ་ནང་ས་གནས་དེ་གའི་མང་ཚོགས་ཀྱིས་95%བཟུང་ཡོད་ལ། ཁོང་ཚོས་ཉིན་མོར་གླ་པ་དང་ཞིང་ལས་བྱེད་པ་དང་དགོང་མོར་འཁྲབ་སྟོན་བྱས་ནས་ཡོང་འབབ་འཕར་ཐབས་བྱེད་ཀྱི་ཡོད་པ་རེད།
            ལོ་32ལ་སླེབས་པའི་ཕུར་བུ་བཀྲ་ཤིས་ནི་སྔོན་ཆད་ལྗིད་འདེགས་རླངས་འཁོར་གཏོང་མཁན་ཞིག་ཡིན་པ་དང་། 2013ལོར་ཁོང་《འུན་ཤིང་ཀོང་ཇོའི་》འཁྲབ་སྟོན་ནང་ཞུགས་འགོ་ཚུགས་ཤིང་། འཁྲབ་སྟོན་བརྒྱུད་ཨར་ཀ་གཅོག་པ་དང་། སྒོར་གཞས་རྒྱག་པ། བྲོ་འཁྲབ་སྟངས་སོགས་ཀྱང་ཤེས་ཡོད། དེ་རྗེས་ཁོ་པ་སླར་ཡང་གྲོང་ཚོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་ཞུགས་པ་དང་། “ཉིན་མོར་སྒྱུ་རྩལ་ཚོགས་པར་འཁྲབ་སྟོན་བྱེད་པ་དང་དགོང་མོར་འཁྲབ་སྟོན་བྱ་ཡུལ་དུ་ལས་ཀ་བྱས་པས་ཟླ་རེའི་ཡོང་འབབ་དེ་ལྗིད་འདེགས་རླངས་འཁོར་གཏོང་སྐབས་ལས་སྒོར་ལྔ་སྟོང་དྲུག་སྟོང་ཙམ་གྱིས་མང་བ་ཡོད་ལ། ཁྱིམ་ཚང་ལ་རླངས་འཁོར་གསར་པ་ཞིག་ཉོས་པ་དང་ཁང་པ་གསར་པ་ཡང་བརྒྱབ་པ་ཡིན”ཞེས་ཕུར་བུ་བཀྲ་ཤིས་ཀྱིས་བཤད།
           《འུན་ཤིང་ཀོང་ཇོའི་》དངོས་ལྗོངས་ལོ་རྒྱུས་མཚོན་པའི་སྙན་ངག་འཁྲབ་ཚན་གྱི་རྣམ་གྲངས་དེ་བསྐྲུན་རིང་སྐྱེལ་འདྲེན་དང་། ལས་གྲྭ་འཛུགས་སྐྲུན། ངལ་ལས་མཉམ་ལས་སོགས་ཀྱི་བྱེད་ཐབས་བརྒྱུད་མཐའ་འཁོར་གྱི་གྲོང་མིར་ཡོང་འབབ་སྒོར་ཁྲི་5000ཙམ་བྱུང་བ་མ་ཟད། ས་ཁོངས་ཀྱི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་འུན་ཤིང་ཀོང་ཇོའི་ཚེ་མཆོག་གླིང་གི་བོད་རིགས་སྒོ་རའི་ཡུལ་སྲོལ་ཁྲོམ་གཞུང་དང་། དེ་བཞིན་འབྲེལ་ཡོད་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཕྱིན་པ་ལས་ས་གནས་དེ་གའི་ཞིང་འབྲོག་པར་བདེ་སྲུང་གཙང་སྦྲ་དང་། ཞབས་ཞུ་སྣེ་ལེན། སྲིད་འཛིན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད་པ་རེད།
           གཞན་ཡང་འཁྲབ་ཚན་དེ་འཁྲབ་སྟོན་བྱས་པ་ནས་བཟུང་སྔ་རྗེས་སུ་ཕ་ཡུལ་དུ་ལོག་པའི་བོད་རིགས་ཀྱི་འབྲིང་རིམ་ཆེད་ཚན་སློབ་གྲྭའི་སློབ་ཐོན་སློབ་མ་900ལྷག་ཙམ་བསྡུས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།