འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་
    སྐྲུན་རོགས་བྱེད་པའི་རྣམ་གྲངས་དངོས་སུ་རྩིས་སྤྲོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧྲེན་ཀྲེན་གྲོང་ཁྱེར་གྱིས་སྐྲུན་རོགས་བྱས་པའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་སྟེ། བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་གི་རྣམ་གྲངས་ཉིན་ཤས་གོང་ལྷ་སར་དངོས་སུ་རྩིས་སྤྲོད་བྱས་པ་དང་། རྟེན་རྫས་བཤམས་མཛོད་ཁང་དེ་ནི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་ཡིན་པ་རེད།
           བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་དེ་ལྷ་ས་གྲོང་ཁྱེར་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་བཙུགས་ཡོད་པ་དང་། ས་ཁྱོན་སྨི་ངོས་གྲུ་6000བཟུང་བ་དང་། “ཁང་གཅིག་དང་གླིང་གཅིག”གི་འདུ་ཤེས་ལྟར་འཆར་འགོད་འཛུགས་སྐྲུན་བྱས་པ་རེད། རྣམ་གྲངས་དེ་ནི་ཧྲེན་ཀྲེན་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱིས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པའི་རྣམ་གྲངས་དང་པོ་དེ་ཡིན་པ་དང་། ཧྲེན་ཀྲེན་གྲོང་ཁྱེར་སྲིད་གཞུང་གིས་དབན་ཁོ་ཁེ་ལས་མ་རྐང་ཚད་ཡོད་ཀུང་སིར་འཛུགས་སྐྲུན་བྱ་རྒྱུའི་མངགས་བཅོལ་བྱས་པ་ཞིག་རེད།
          ཤེས་རྟོགས་བྱས་པར་གཞིགས་ན། རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་བྱས་པ་དེ་ཐོག་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱ་ཆེད་ལས་སྟེགས་གལ་ཆེན་ཞིག་མཁོ་འདོན་བྱས་པ་དང་དུས་མཚུངས་དེའང་ལྷ་སའི་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བའི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པར་འགྱུར་རྒྱུ་རེད།
          བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་རྣམ་གྲངས་དེ་2016ལོའི་ཟླ་9པར་ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.6བཏང་བ་དང་། དུས་ཡུན་ལོ་གཅིག་ལྷག་ཙམ་ནང་བསྐྲུན་ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས། གོམ་སྟབས་རྗེས་མར་གླིང་དེས་ཚད་གཞི་མཐོ་བ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་བླང་བྱ་གཞིར་བཟུང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་སྤེལ་རེས་ལྟེ་གནས་དང་དམངས་ཚོགས་ཀྱི་མངོན་མིན་རིག་གནས་ཉམས་ལེན་ལྟེ་གནས་སུ་བསྐྲུན་ཏེ་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་ཐོན་ལས་ཀྱི་ཐབས་ཇུས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་བྱ་གཞག་དང་། རིག་གནས་ཐོན་ལས། དེ་བཞིན་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཐོག བོད་ཀྱི་རིག་གནས་ཕྱི་ཕྱོགས་སུ་ཁྱབ་གདལ་གཏོང་བར་རྫོགས་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་ལ་འབད་བརྩོན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།