འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་རབས་གསར་པའི"བུད་མེད་དང་བླངས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཆེ་གྲས་བཅུ"ཡོངས་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་19ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དུས་རབས་གསར་པའི“བུད་མེད་དང་བླངས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཆེ་གྲས་བཅུ”ཞེས་པའི་དྲ་རྒྱའི་འགྲེམས་གཏོང་ཡོངས་བསྒྲགས་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་སུང་ཤིའུ་ཡན་བྱེད་སྒོར་ཞུགས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་བཅར་འདྲི་དང་ལེན་ཡང་གནང་བ་རེད།
           སུང་ཤིའུ་ཡན་གྱིས་བུད་མེད་དང་བླངས་པའི་ཞབས་ཞུས“སྡེ་ཁུལ་དུ་གཞི་ཚུགས་པ་དང་། ཁྱིམ་ཚང་ལ་ཕྱོགས་པ། རྒྱུན་ལྡན་ནས་མངོན་པ། ཞིབ་ཕྲ་ནས་འགོ་འཛུགས་པ”བཅས་དམིགས་ཡུལ་དུ་བྱེད་པ་དང་། བུད་མེད་དང་བླངས་པ་སྡེ་ཁུལ་དུ་གཞི་ཚུགས་པ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ། མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་ནས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཞབས་འདེགས་ཞུས་ཏེ་དྲོ་སྐྱིད་ཚོར་ཐུབ་པ་དང་ཏང་གི་ཐུགས་ཁུར་མང་ཚོགས་ཀྱི་སེམས་ནང་ཟུག་ཐུབ་པ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད། གོམ་སྟབས་རྗེས་མར་བུད་མེད་དང་བླངས་པའི་ཞབས་ཞུའི་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་སྔར་བས་མཐའ་འཁྱོངས། སྡེ་ཁུལ་དུ་གཞི་ཚུགས་པ། ཁྱིམ་ཚང་ལ་ཕྱོགས་པ་བཅས་བྱས་ཏེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་ལེགས་པའི་ངང་བསྐངས་ནས་བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། དང་བླངས་ཞབས་ཞུའི་ངེས་གནས་ཡིན་པའི་ཀུན་སྤྱོད་ལག་ལེན་གྱི་བྱེད་སྒོ་སྔར་བས་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་། རྒྱ་ཆེའི་བུད་མེད་མང་ཚོགས་ཀྱིས་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་ནས་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་གི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་དང་དགེ་བརྩོན་ཡར་ཐོན་དང་ཡིད་རྟོན་རོགས་རེས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་གྱི་ཟབ་མོ་ཆགས་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྔར་བས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
           བྱེད་སྒོར་དུས་རབས་གསར་པའི“བུད་མེད་དང་བླངས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཆེ་གྲས་བཅུ”ཡོངས་བསྒྲགས་བྱས་པའི་ནང་ཁྱིམ་མཚེས་དབར་ལྟ་རེས་བྱས་ནས་སྡེ་ཁུལ་གྱི་གཅེས་སེམས་དྲ་བ་བཟོས་པའི་པེ་ཅིང་གི་《སྤྲོ་སེམས་ཆེན་པོས་དོན་ཆུང་བསྒྲུབས་》ཞེས་པའི་གཏམ་རྒྱུད་དང་། “ལོ་དྲུག་བཅུ་བདུན་བཅུར་སླེབས་པའི་རྒན་མོས”ལོ་ན་མཐོ་བའི་ཁང་སྟོང་གཞིས་སྲུང་རྒན་རྒོན་ལ་རྒྱུན་རྣམ་ཅན་གྱི་ཞབས་ཞུ་བསྒྲུབས་པའི་ཅང་སུའུ་ཡི་《“བུད་མེད་དང་བླངས་པའི་དགོང་དྲོའི་མཚམས་སྤྲིན”མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་》གཏམ་རྒྱུད། ལོ་བཅུ་གྲངས་ནང་ཕྲུ་གུ་2000ལྷག་ཙམ་ལ་འོས་འགན་གཡོག་བྱེད་དང་ཟུར་ཁྲིད་བྱེད་མཁན་ཤིན་ཅང་གི་《གཅེས་སེམས་ཆུང་ངུའི་སློབ་ཁང-ཧྥན་ཡུས་ལན་》གྱི་གཏམ་རྒྱུད་སོགས་ཀྱིས་བུད་མེད་དང་བླངས་པས་རྒན་བཀུར་རྒན་གཅེས་དང་། དབང་པོ་སྐྱོན་ཅན་ལ་རོགས་རམ་དང་དཀའ་སེལ། ཁོར་ཡུག་སྲུང་སྐྱོང་། ལས་ཞུགས་དབུལ་སྒྲོལ། གཞིས་ལུས་བྱིས་པ་དང་དབང་པོ་སྐྱོན་ཅན་བྱིས་པར་གཅེས་སྐྱོང་སོགས་དང་བླངས་ཞབས་ཞུ་སྒྲུབ་རིང་གཅེས་སེམས་ལེགས་སྐྱེས་སུ་ཕུལ་བའི་བྱ་སྤྱོད་ཆུང་ཙག་ལས་དུས་རབས་གསར་པའི་བུད་མེད་ཀྱིས་གཞན་ལ་ཕན་པ་དང་། ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་བ། དྲང་ནུས་བརྒྱུད་སྤེལ་བྱེད་པ་བཅས་ཀྱི་བུད་མེད་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། དུས་རབས་གསར་པའི“བུད་མེད་དང་བླངས་པའི་མི་སེམས་འགུལ་བའི་གཏམ་རྒྱུད”བརྙན་ལམ་འགྲེམས་གཏོང་བྱེད་སྒོས་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་བུད་མེད་དང་བླངས་པ་ཁྲི་1044དང་བུད་མེད་དང་བླངས་ཞབས་ཞུའི་དཔུང་ཁག་ཁྲི་35ཡི་རྣམ་པ་བཟང་པོ་མངོན་ནས་བུད་མེད་དང་བླངས་ཞབས་ཞུ་སྔར་བས་ལེགས་པའི་ངང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་མི་སེར་གྱི་རྒྱུན་ལྡན་འཚོ་བའི་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།