འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
    ལས་འགལ་བའི་དཔེ་མཚོན་གནད་དོན་གསུམ་ལ་བརྡ་ཁྱབ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་བས་དམ་པོ་དང་། “སྤྱོད་ཚུལ་བཞི”ཡི་གནད་དོན་བསྐྱར་ལོག་ལ་ནན་འགོག་བྱ་ཆེད། ལུགས་རྙིང་གི་ལྔ་པའི་ཚེས་ལྔའི་དུས་ཆེན་སྔོན་དུ་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་གསུམ་ལ་བརྡ་ཁྱབ་བཏང་ཡོད།
           ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སློབ་གསོ(ལུས་རྩལ)ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཡུས་ཅང་གིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་འཁྲིད་པའི་གནད་དོན། 2014ལོའི་ཟླ་12དང་2015ལོའི་ཟླ་12པར། སྐབས་དེ་དུས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སློབ་གསོ(ལུས་རྩལ)ཅུས་ཀྱི་ཅུས་ཀྲང་ཡིན་པའི་ཡུས་ཅང(རྒན་ཡོལ་ཞུས་ཟིན་པ)གིས་བཟོ་ཚོགས་ཀྱི་མིང་ཐོག་ནས་བྲག་ཡིབ་ཆུས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་མི་སྣ་ཁག་གཉིས་ལ་བགོས་ནས་ཧའེ་ནན་དུ་ལུས་གསོ་བྱེད་པར་མངགས་སྐབས་སྒྲིག་འགལ་ངང་ལས་སྒོ་དེ་བཟོ་ཚོགས་ཀྱིས་སྒྲིག་འཛུགས་དང་ཁས་ལེན་བྱས་པ་མ་ཡིན་པའི་ཡུལ་སྐོར་ཀུང་སི་ཞིག་ལ་ལག་བསྟར་བྱ་རྒྱུར་སྤྲད་དེ་ཆ་རྐྱེན་དང་མ་འཚམ་པའི་མི་4ལུས་གསོའི་ཁྱབ་ཁོངས་ནང་བཅུག་པ་མ་ཟད། སྒྲིག་འགལ་ངང་བཟོ་ཚོགས་ཀྱི་གྲོན་དངུལ་སྤྱད་དེ་མི་4པོ་དེ་དག་ལ་འགྲོ་སོང་སྒོར་ཁྲི་4བཏང་བ་རེད། 2018ལོའི་ཟླ་5པར་ཡུས་ཅང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་སྒྲིག་འགལ་གྱི་སྒོར་ཁྲི་4པོ་དེ་དག་བསྡུས་ནས་རྒྱལ་མཛོད་ནང་བཅུག་ཡོད་པ་རེད། 
          ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཏོན་ཧྲུའུ་ཅང་གིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་ནས་ཡུལ་སྐོར་དུ་བསྐྱོད་པའི་གནད་དོན། 2015ལོའི་ཟླ་9པར། ཏོན་ཧྲུའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་ཚན་པ་དེ་གའི་མི་13(དེའི་ཁྲོད་ནས་མི་2རྟོག་ཞིབ་ལས་སྒོ་དང་འབྲེལ་བ་མེད་པ)སྒྲིག་འཛུགས་བྱས་ཏེ་ཟླ་10པར་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་དུ་ལས་སྒོའི་རྟོག་ཞིབ་ལ་བསྐྱོད་རྒྱུའི་གཏན་འཁེལ་བྱས་པ་རེད། དེའི་རིང་རྟོག་ཞིབ་ཚོགས་པ་ཀུའུ་ལང་ཡུས་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ལ་སྐྱོད་པའི་འགྲོ་སོང་སྒོར་25075ཚང་མ་གཞུང་དངུལ་ནས་རྩིས་ཞུ་བྱས་ཡོད། 2018ལོའི་ཟླ་4པར། ཏོན་ཧྲུའུ་ཅང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་སྒྲིག་འགལ་གྱི་མ་དངུལ་སྒོར་25075བསྡུས་ནས་རྒྱལ་མཛོད་ནང་བཅུག་ཡོད་པ་རེད།
          ནག་ཆུ་ས་ཁུལ་འབྲི་རུ་རྫོང་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ། མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་བློ་བཟང་བསྟན་འཛིན་གྱིས་སྒྲིག་འགལ་ངང་གཞུང་འཁོར་སྤྱད་པའི་གནད་དོན། 2017ལོའི་ཟླ་12ཚེས་30ཉིན། བློ་བཟང་བསྟན་འཛིན་དབུལ་སྒྲོལ་འགག་སྒྲོལ་གྱི་ཤང་འགན་གཙང་ལེན་མཁན་ལས་བྱེད་པ་ཡིན་པའི་ངོས་ནས་ཆོག་མཆན་མ་ཐོབ་པར་རང་དགར་འགན་གཙང་ལེན་ཡུལ་ཤང་ནས་ཁ་བྲལ་ཏེ་སྒྲིག་འགལ་ངང་གཞུང་འཁོར་བཏང་ནས་ནག་ཆུ་ས་ཁུལ་དུ་སྒེར་དོན་སྒྲུབ་པར་སྐྱོད་ཡོད། 2018ལོའི་ཟླ་2པར། བློ་བཟང་བསྟན་འཛིན་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་བློ་བཟང་བསྟན་འཛིན་ལ་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་རང་སྐྱོན་ངོས་ལེན་ཞུ་རུ་བཅུག་པ་དང་སྦྲགས་སྒྲིག་འགལ་ངང་གཞུང་འཁོར་སྤྱད་པ་ལས་ཐོན་པའི་འགྲོ་གྲོན་ཚང་མ་རང་ཉིད་ཀྱིས་འགན་ཁུར་དགོས་པའི་བཀའ་བཏང་ཡོད་པ་རེད།
          བརྡ་ཁྱབ་ནང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཁུར་བ་དང་། སློབ་གསོ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྐོང་འདྲི་དང་ལྟ་སྐུལ་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པར་བཀུར་ཞིང་སྐྲག་ཤེས་པ་དང་སྒྲིག་ཁྲིམས་སྲུང་དགོས་པའི་དྲན་སྐུལ་བྱས་ཏེ། “སྤྱོད་ཚུལ་བཞིའི”གནད་དོན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྣེ་ཁྲིད་ནས་ལས་འགན་སྒྲུབ་པ་དང་འགན་འཁྲི་ཁུར་བ་དང་སྣེ་ཁྲིད་ནས་སྒྲིག་བཀུར་ཁྲིམས་སྲུང་བྱེད་དགོས་ལུགས་བསྟན་ཡོད་པ་རེད།
          བརྡ་ཁྱབ་ནང་རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཚུགས་ནུས་དང་ཐེག་ཤུགས་རྒྱུན་འཁྱོངས་དང་དུས་མཚམས་སོ་སོའི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ནས་གཙོ་གནད་ལ་དམ་པོར་དམིགས་ཏེ་ལྟ་སྐུལ་གྱི་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་དང་ཏང་ཡོན་ལས་བྱེད་པས་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་རྒྱས་ཟས་རྒྱས་འཐུང་དང་ལག་རྟགས་སྤྲོད་པ་དང་། གཞུང་འཁོར་སྒེར་སྤྱོད། གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་སྐྱོད་པ། དངུལ་དང་དངོས་པོ་གང་བྱུང་དུ་སྤྲོད་པ། སྟོན་མོ་གཤོམ་པ་སོགས་བཀག་འགོག་ནན་པོ་བྱེད་དགོས་པ། “སྤྱོད་ཚུལ་བཞིའི”གནད་དོན་གྱི་འཕེལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དོ་ཁུར་ཟབ་མོ་བྱས་ཏེ་སྒྲིག་ལམ་དང་ཁྲིམས་ལུགས་ཟུང་འབྲེལ་ལ་དོ་སྣང་བྱས་ནས“སྤྱོད་ཚུལ་བཞི”ཡོ་བསྲང་གི་ལས་དོན་དེ་སྤྱི་དོན་དུ་དབང་ཆ་སྤྱོད་པའི་གཞུང་ལས་པ་ཚང་མར་ཁྱབ་པ་དང་གཞི་རིམ་ཏང་རྩ་འཛུགས་དང་ཚན་པ་ཁག་ཏུ་གནོན་ཤུགས་རྒྱུན་མཐུད་ངང་སྤྲོད་དགོས་པ། དུས་ཆེན་རིང་ཐོན་པའི་ཡ་མེད་སྒྲིག་འགལ་གྱི་བྱེད་སྤྱོད་ཐོན་མ་ཐག་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་དང་ནན་ལ་མགྱོགས་པའི་སྒོ་ནས་ཞིབ་བཤེར་ཐག་གཅོད་ཀྱིས་མིང་ཐོ་དམར་རྗེན་དུ་བཏོན་ཏེ་བརྡ་ཁྱབ་གཏོང་དགོས་པ། “སྐོར་ལྟ་འཚམ”རྒྱག་པ་དང“སྒྲིབ་ཞྭ”གྱོན་པའི“སྤྱོད་ཚུལ་བཞིའི”གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ། འགན་འཁྲི་བདའ་འདེད་ཀྱི་མཚོན་ཆ་རྣོན་པོ་བེད་ཡག་པོ་སྤྱད་དེ་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་ཐོག་ཏུ་ཡག་པོ་མ་འཁྱོལ་བའི་རྐྱེན་གྱིས་ཁོངས་གཏོགས་ནང་སྒྲིག་འགལ་གྱི་བྱེད་སྤྱོད་བསྟུད་མར་ཐོན་ནས་མཇུག་འབྲས་དང་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཚེ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།