འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་རང་རྒྱལ་གྱི་གྲོང་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་76.7ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་《2017ལོའི་རང་རྒྱལ་འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་བསྡོམས་རྩིས་སྤྱི་བསྒྲགས་》སྤེལ་བ་ལས། 2017ལོར་རང་རྒྱལ་གྱི་གྲོང་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་76.7ཡིན་པ་དང་། ཕྲུ་གུ་དམར་འབྱར་ཤི་ཚད་ནི་སྟོང་གི་ཆ་6.8མར་ཆག་པ་དང་། སྦྲུམ་མ་ཤི་ཚད་ཁྲི་10ཡི་ཆ་19.6མར་ཆག་ཡོད་ཅིང་། རང་རྒྱལ་གྱི་གྲོང་མིའི་བདེ་ཐང་གི་ཚད་གཞི་ནི་སྤྱིའི་ཆ་ནས་ཡོང་འབབ་འབྲིང་བ་དང་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་ཡག་པ་ཡོད་པ་རེད།    
         ཆེད་ལས་མཁས་པས། མི་རྣམས་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་འཇལ་བ་ནི་རྒྱལ་ཁབ་དང་། མི་རིགས། ས་ཁུལ་བཅས་ཀྱི་གྲོང་མིའི་བདེ་ཐང་ཆུ་ཚད་ཀྱི་དམིགས་ཚད་ཡིན་ཞིང་། དེས་སྤྱི་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་དམའ་མཚོན་ཐུབ། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཀྲུང་གོའི་བདེ་ཐང་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་དང་། སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། སྤྱི་སྤྱོད་འཕྲོད་བསྟེན། ནད་རིགས་སྔོན་འགོག་ཚོད་འཛིན། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མུ་མཐུད་གོང་མཐོར་གཏོང་བ། བཙའ་སྐྱོང་ཞབས་ཞུའི་དོ་དམ་དང་ཀྲུང་ལུགས་གསོ་རིག་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་ཀྱི་ལྟ་སྐུལ་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་བཏང་ཡོད་པ་རེད།
        སྤྱི་བསྒྲགས་ལས་གསལ་དོན།2017ལོར་སྤྱི་གཉེར་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཁྱོན་ཡོངས་ནས་འགོ་ཚུགས་ཡོད་པ་དང་། ཁྱོན་ཡོངས་ནས་སྨན་ཐོག་ཁེ་སྣོན་མེད་པ་བཟོས་པ། སྨན་བཅོས་ཞབས་ཞུའི་རིན་གོང་སྙོམས་སྒྲིག་ཁྱོན་ཡོངས་ནས་རྗེས་ཟིན་ཡོད། 2017ལོའི་ལོ་མཇུག་ཏུ། 93.9%གྲོང་ཁྱེར་དུ་སྤྱི་གཉེར་སྨན་ཁང་དུ་སྨན་ཐོག་ཁེ་སྣོན་མེད་པ་བཟོས་ཤིང་། སྤྱི་གཉེར་སྨན་ཁང་གི་སྨན་བཅོས་རིན་གོང་ལུགས་དང་མི་མཐུན་པའི་ངང་འཕར་བའི་གནས་ཚུལ་ལ་ཕན་ནུས་ལྡན་པའི་ཚོད་འཛིན་བྱེད་ཐུབ་ནས་ལོ་སྔོན་མ་དང་བསྡུར་ན་སྒོ་བསྟེན་སྨན་ཁང་གི་སྨན་རིན་1.8%མར་ཆག་པས་བརྒྱ་ཆའི་གྲངས་2.8མར་ཆག་ཡོད་པ་དང་། སྨན་ཁང་དུ་མི་རེའི་ནད་སྡོད་སྨན་རིན་7.1%མར་ཆག་པས་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས་2.5མར་ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།