འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོ་ཉིད་སའི་གོ་ལའི་ཐོག་གི་རྒྱལ་ཁབ་གཞན་གང་འདྲ་ཞིག་ལས་འགྱུར་ལྡོག་འགྲོ་
    མགྱོགས་པ་ཡོད”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲེན་མུའུ་སི་·མོ་ལན་གྱིས་1991ལོ་ནས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མིའི་འགན་བཞེས་པ་ནས་བཟུང་། ཧྥུ་ཅི་ཉི་ཡ་ཀྲོའུ་ཡི་འདེམས་ཁུལ་བརྒྱད་པའི་འཐུས་ཚབ་བྱས་ཏེ་2015ལོར་གཞི་ནས་སྲིད་དོན་ལས་རིགས་ནས་ཁ་བྲལ་ཞིང་། ལོ་20ལྷག་གི་སྲིད་དོན་ལས་ཀ་བྱེད་རིང་། མོ་ལན་ལ་ཀྲུང་གོར་འཚམས་འདྲིར་བསྐྱོད་པའི་གོ་སྐབས་ཐེངས་མང་བྱུང་སྟེ་དེའི་ཁྲོད་ནས་སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
         མོ་ལན་པེ་ཅིང་ལ་ཐེངས་དང་པོ་བསྐྱོད་པའི་དུས་ཚོད་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་རེད། སྐབས་དེར་ཁོང་ལ་བྱུང་བའི་བག་ཆགས་ཟབ་ཤོས་ནི་ཁྲོམ་གཞུང་དུ་མི་མང་པོས་རྐང་འཁོར་བཞོན་ནས་འགྲོ་བ་དེ་རེད། མོ་ལན་གྱིས་འདས་པའི་ལོ་བཞི་བཅུ་ཡི་རིང་། ཀྲུང་གོ་ཉིད་སའི་གོ་ལའི་ཐོག་གི་རྒྱལ་ཁབ་གཞན་གང་འདྲ་ཞིག་ལས་འཕོ་འགྱུར་འགྲོ་མགྱོགས་པ་ཡོད། “མི་འབོར་མང་པོ་དེ་འདྲའི་འཚོ་བ་དུས་ཐུང་ནང་ལེགས་བཅོས་ཆེན་པོ་བྱུང་སྟེ་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་སྐྱེ་བོ་ཀུན་ཧང་སངས་དགོས་པ་ཞིག་རེད། འཛམ་གླིང་གི་དབུལ་པོ་ཉུང་གཏོང་70%བྱེད་པའི་གྲུབ་འབྲས་ཀྲུང་གོར་ཐོབ་པ་དང་། འཛམ་གླིང་དཔལ་འབྱོར་འཕར་ཚད་30%ཀྲུང་གོར་ཐོན་ཡོད། ཨ་རི་བ་ཞིག་ཡིན་པའི་ངོས་ནས་མི་འབོར་ཨ་རི་ལས་ལྡབ་བཞི་ཟིན་པའི་ཀྲུང་གོར་གྲུབ་འབྲས་འདི་ལྟར་ཐོབ་པར་འཕྲལ་མར་བསམ་ཤེས་ཡོངས་སུ་ཐུབ་དཀའ་བ་ཞིག་རེད”ཅེས་བཤད།
         ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་པ་དེས་མོ་ལན་ལ་ཀྲུང་གོའི་དཔོན་རིགས་དང་དམངས་ཚོགས་དང་རྒྱང་ཐག་ཉེ་པོས་ཐུག་འཕྲད་བྱེད་པའི་གོ་སྐབས་བྱུང་ཞིང་། “ངས་ངོ་ཤེས་པའི་ཀྲུང་གོ་བ་ཚང་མ་བློ་རིག་བཀྲ་ལ་ལས་ཀར་ཧ་ཅང་བརྩོན་པ་ཞིག་ཡོད”མོ་ལན་གྱིས་བལྟས་ཚེ། ཀྲུང་གོ་བས་དབྱིན་སྐད་སྦྱོང་བའི་གཟབ་ནན་གྱི་སེམས་པ་ནི་ཡར་བརྩོན་གྱི་མཚོན་ཆེད་ཤིག་ཡིན། མི་རིང་བའི་གོང་། ཁོང་གིས་གྲོགས་པོ་ཀྲུང་གོ་བ་ཞིག་དང་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་དེས་ཨ་རིའི་རྩོམ་རིག་དང་ལྷག་པར་དུ་མ་ཁེ་·ཐུའུ་དབུན་སྐོར་ལ་ཨ་རི་བ་ཕལ་ཆེ་བ་ལས་མང་བ་འཆད་རྒྱུ་ཡོད་པ་ཤེས།
        ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་སོང་བའི་རིང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་དབར་དཔལ་འབྱོར་གྱི་འབྲེལ་ལམ་ཟབ་མོ་ཞིག་བཙུགས་ཡོད། མོ་ལན་གྱིས“ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་འགལ་བ་མི་ཉུང་བ་ཡོད་ལ་ཡོད་ཀྱང་སྲིད་པ་ཞིག་རེད། གང་ལགས་ཤེ་ན། ང་ཚོའི་དབར་གྱི་ཆབ་སྲིད་འདུ་ཤེས་གཅིག་པ་མིན་པས་ཡིན། འོན་ཀྱང་ང་ཚོ་ཚང་མས་རང་རེའི་དམངས་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་དོ་ཁུར་བྱེད་དགོས། ད་ཆ་ང་ཚོའི་དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན། ཀྲུང་གོ་མེད་ཚེ། ཨ་རིའི་དཔལ་འབྱོར་ཇི་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ཨ་རི་བ་ཁག་གཅིག་གིས་ཡོངས་སུ་རྟོགས་ཐུབ་ཀྱི་མེད”ཅེས་བཤད།
         “ད་ཆ་ཀྲུང་གོར་རྒྱུས་མངའ་མེད་ཚེ། རང་ཉིད་ཀྱི་འགྲན་རྩོད་ནུས་པའི་ཐོག་བློས་གཏོང་མང་པོ་བྱེད་དགོས། གང་ལགས་ཤེ་ན། ཀྲུང་གོའི་དཔལ་འབྱོར་གྱི་དངོས་ཤུགས་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པས་རེད། ཨ་རིར་ང་ཚོའི་རྗེས་རབས་པ་ཚོས་རྒྱའི་སྐད་ཡིག་ཤོད་ཤེས་པ་དང་ཀྲུང་གོའི་རིག་གནས་ལ་རྒྱུས་མངའ་ཡོང་བའི་དགོས་གལ་ཡོད”ཅེས་མོ་ལན་གྱིས་བཤད་ཅིང་། ཁོང་གིས་བལྟས་ཚེ། ཀྲུང་གོས་མུ་མཐུད་སྒྱུར་བཅོས་འཕེལ་རྒྱས་བྱེད་པ་དང་ཆབས་ཅིག་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཨ་རིའི་ཁེ་ཕན་དང་མཐུན་པ་ཞིག་ཡིན“ང་ཚོས་ཕན་ཚུན་རྒྱབ་གཏད་ནས་རང་རང་གི་འབྱུང་འགྱུར་ལ་བསྐྱོད་རྒྱུ་མེད་པར་དེ་ལས་ལྡོག་སྟེ་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་དགོས་པ་ཡིན། ཨ་རི་བས་ཀྲུང་གོ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་དོ་སྣང་དངོས་འབྲེལ་བྱེད་དགོས་པ་ཞིག་ཡོད། གང་ལགས་ཤེ་ན། དེ་ནི་ང་ཚོ་རང་གི་ཁེ་ཕན་དང་འབྲེལ་བ་ཡོད་སྟབས་ང་ཚོས་ཀྲུང་གོ་དང་མཉམ་ལས་རོགས་ཟླ་མི་བྱེད་པའི་དོན་དངོས་ཀྱི་གདམ་ག་གཞན་མེད”
      

    ཕྱོགས་བསྡུས་གསར་འགྱུར།