འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལྔ་པའི་ཚེས་ལྔའི་དུས་ཆེན་འཆར་ཉེའི་མཚམས་སུ་ལྷ་སར"ལོ་སྒྲིལ་འབྲས་ཆན"གྱི་དྲི་ཞིམ་གང་སར་འཐུལ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ལྔ་པའི་ཚེས་ལྔའི་དུས་ཆེན་འཆར་ཉེའི་མཚམས་སུ“ལོ་སྒྲིལ་འབྲས་ཆན”གྱི་དྲི་ཞིམ་གང་སར་འཐུལ་བ་སྟེ། ལྷ་ས་གྲོང་ཁྱེར་གྱི་ཁྲོམ་ར་ཁག་གཅིག་ཏུ་ལྔ་པའི་ཚེས་ལྔའི་ཉོ་ཚོང་དེ་འཛད་སྤྱོད་ཁྲོམ་རའི་ཚོང་རྫས་གཙོ་བོའི་གྲས་སུ་གྱུར་ཡོད། ཅིང་ཏུང་དྲ་ཐོག་ཚོང་ཁང་གི་ལས་སྟེགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་གཟའ་འཁོར་གཅིག་རིང་ལྷ་ས་གྲོང་ཁྱེར་དུ་ལོ་སྒྲིལ་འབྲས་ཆན་སྐོར་དྲ་ཐོག་ཏུ་འཚོལ་བཤེར་བྱེད་ཚད་དུས་མཚུངས་ལས་200%འཕར་ནས་ལོ་སྒྲིལ་འབྲས་ཆན་སྤུས་རྟགས་ཁག་གིས་དྲ་ཐོག་ཏུ་འགྲན་རྩོད་བྱེད་པ་མ་ཟད། འབྲས་ཆན་སྒྲིལ་བྱེད་ལོ་མ་དང་ཆང་འབྲས་སོགས་ཀྱང་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་འཚོལ་བཤེར་བྱེད་མང་བའི་ཐ་སྙད་དུ་གྱུར་ཏེ་འཛད་སྤྱོད་པས་སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆ་ཉོ་ཐུབ་པ་དང་རང་ཉིད་ཀྱིས་ལོ་སྒྲིལ་འབྲས་ཆན་ཐུམ་རྒྱག་པའི་སྲོལ་རྒྱུན་གྱི་གོམས་གཤིས་མྱོང་རོལ་ཐུབ་པ་རེད།
          བརྒྱད་གཅིག་ལམ་དུ་གནས་པའི་ཚལ་ཁྲོམ་དུའང་ཚོང་པ་མི་ཉུང་བས་ལམ་འགྲམ་གྱི་ཁྲོམ་སྟེགས་ཐོག་རང་སོ་སོའི་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་ལག་བཟོས་ལོ་སྒྲིལ་འབྲས་ཆན་འཚོང་བཞིན་འདུག “ངའི་ཕ་ཡུལ་ཀྲེ་ཅང་ནས་ཡིན། ངའི་ལོ་སྒྲིལ་འབྲས་ཆན་ནང་སྲན་དམར་དང་ཁ་སུར་དམར་པོ་བླུགས་ཡོད་པས་མངར་སིལ་ལྡན། ལོ་སྒྲིལ་འབྲས་ཆན་མ་བཟོས་གོང་ཁ་སུར་དམར་པོ་དང་སྲན་དམར་ཆུའི་ནང་སྦངས་བ་དང་དེ་རྗེས་ལོ་མའི་ནང་བསྒྲིལ་ནས་འབྲས་ཆན་དང་མཉམ་དུ་བཙོས་རྗེས་ཆང་འབྲས་དམར་པོ་ཆགས་པས་ཟ་སྐབས་མངར་མོ་ཡོད”
          ལྷ་ས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཞིག་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཁྲོམ་རའི་ཐོག་སྟོང་ཐུམ་གྱི་ལོ་སྒྲིལ་འབྲས་ཆན་ཡོད་པ་ཕུད། ད་དུང་འཁྱགས་པ་བཏང་བའི་ལོ་སྒྲིལ་འབྲས་ཆན་ཡང་ཡོད། “ང་ཚོས་འདི་ལོ་འཁྱགས་པ་བཏང་བའི་ལོ་སྒྲིལ་འབྲས་ཆན་མང་པོ་འཐེན་པ་དེས་ལོ་སྒྲིལ་འབྲས་ཆན་སོས་པར་ཉར་ཐུབ་པས་འཛད་སྤྱོད་པས་བྲོ་བ་ཞིམ་པའི་ལོ་སྒྲིལ་འབྲས་ཆན་བཟའ་ཐུབ། ང་ཚོའི་འདིར་ཡོད་པའི་ལོ་སྒྲིལ་འབྲས་ཆན་བྲོ་བ་མངར་མོ་དང་ཚྭ་ཁུ་རིགས་གཉིས་ཡོད་པར་ཕལ་ཆེ་བས་དགའ་པོ་བྱེད་ཀྱི་འདུག གཞན་ཡང་ང་ཚོས་འབྲུ་རྩིང་གིས་བཟོས་པའི་ལོ་སྒྲིལ་འབྲས་ཆན་དང་། ལི་གྲོ་དང་སྲན་ནག་སོགས་ཀྱིས་བཟོས་པའི་ལོ་སྒྲིལ་འབྲས་ཆན་ཡང་ཁྲོམ་རར་བཏོན་ལ། དེ་དག་བྲོ་བ་ཞིམ་ཞིང་། ཁྲག་མངར་མཐོ་བའི་མི་རྣམས་ཀྱིས་ཀྱང་བཟའ་ཆོག་པས་འཛད་སྤྱོད་པས་རང་ངོས་ཀྱི་དགོས་མཁོར་གཞིགས་ཏེ་སོ་སོར་འཚམ་པའི་ལོ་སྒྲིལ་འབྲས་ཆན་འདེམས་ཆོག”ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།