འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་ཨང་གཉིས་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་09ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན། སྤྱི་ཁྱབ་པུའུ་རི་ནེ་ཝར་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུས(ཚོང་འཕེལ་ཚོགས་འདུ)སྙན་ཞུ་ཡོངས་བསྒྲགས་བྱས་པ་ཏེ། 2017ལོར་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ་དང་ཕྱི་ཕྱོགས་ལ་མ་འཇོག་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཨང་གསུམ་པར་གྱུར་པ་དང་འབྲེལ། མུ་མཐུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་ཀྱི་ཕྱི་རྒྱལ་གྱི་མ་འཇོག་བྱ་ཡུལ་རྒྱལ་ཁབ་དང་ཕྱི་ཕྱོགས་ལ་མ་འཇོག་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་སུ་འགྱུར་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།
          ཚེས་6ཉིན་ཡོངས་བསྒྲགས་བྱས་པའི་《2018ལོའི་འཛམ་གླིང་གི་མ་འཇོག་སྙན་ཞུའི་》ནང་། 2017ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་ཚོང་དོན་མགྱོགས་མྱུར་འཕར་བ་དང་བསྡུར་བ་མངོན་གསལ་དོད་པ་ཞིག་ཆགས་པ་དེ་ནི་ན་ནིང་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱིས་ཐད་ཀར་མ་འཇོག་བྱས་པ(FDI)དེ་2016ལོ་དང་བསྡུར་ན་23%ཆག་ནས་ཨ་སྒོར་དུང་ཕྱུར་ཁྲི་1.43ཟིན་ཡོད་ཅེས་འཁོད་ཡོད།
          ཞིབ་ཕྲ་བརྗོད་ན། མཉམ་ཉོ་ཆེ་གྲས་དང་ཁེ་ལས་བསྐྱར་སྒྲིག་བྱེད་ཉུང་བའི་ཤུགས་རྐྱེན་ཐེབས་ནས་2017ལོར་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་བཏང་བའི་FDIཨ་སྒོར་དུང་ཕྱུར་7129ཟིན་ཡོད་པ་དང་2016ལོ་དང་ཕན་ཚུན་བསྡུར་ན་37%ཆག་ཡོད། དེའི་ཁྲོད་ཨ་རིར་FDIགཏོང་ཚད་40%ཆག་ནས་ཨ་སྒོར་དུང་ཕྱུར་2750ཟིན་ཡོད་མོད། ཡིན་ཡང་སྔར་བཞིན་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་མ་འཇོག་བྱ་ཡུལ་ཆེ་ཤོས་དེ་ཡིན་པ་རེད།
          ན་ནིང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞིའི་ནང་བཏང་བའི་FDIབརྟན་ཐོག་རྒྱུན་འཁྱོངས་བྱུང་བ་དང་སྤྱི་འབོར་ཨ་སྒོར་དུང་ཕྱུར་6710ཟིན་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོ་ལ་ཧྲིལ་པོའི་FDIའཁོར་རྒྱུག་ཁྲོད་ཀྱི་བསྡུར་ཚད་དེ་2016ལོའི་36%ནས་47%བར་འཕར་ཡོད། དེའི་ནང་གི་ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞིའི་སྤྱི་ཡོངས་ཀྱི་མཚོན་ཚུལ་མངོན་གསལ་དོད་པོ་ཡོད་པས་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར་4760བསྡུ་ལེན་ཐུབ་ནས་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་མ་དངུལ་ཚུར་འགུག་བྱེད་མང་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་པ་རེད།
         སྙན་ཞུའི་ནང་། 2017ལོར་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར་1360ཚུར་འགུག་བྱས་པས་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ་དེར་གྱུར་པ་རེད། ཀྲུང་གོས་ཕྱི་ཕྱོགས་ལ་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1250བར་བཅག་ཀྱང་སྔར་བཞིན་གོ་ལ་ཧྲིལ་པོའི་ཕྱི་ཕྱོགས་ལ་མ་འཇོག་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཨང་གསུམ་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་ཀྱི་ཕྱི་ཕྱོགས་ལ་མ་འཇོག་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དེ་རེད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།