འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་འཐུང་ཆུའི་བདེ་འཇགས་ལ་དོ་དམ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། དུས་ཡུན་རིང་པོའི་ནང་བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐུང་ཆུའི་ཁོར་ཡུག་དོ་དམ་ལས་དོན་དེ་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བཟུང་ཞིང་། “མི་དམངས་མང་ཚོགས་ལ་ཆུ་གཙང་མ་འཐུང་རྒྱུ་ཡོང་བ་བྱེད་དགོས་པའི”སྤྱིའི་བླང་བྱར་གཞིར་བཟུང་། བྱ་ཐབས་ནུས་ལྡན་སྤྱད་དེ་འཐུང་ཆུའི་ཁོར་ཡུག་དོ་དམ་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་བོད་ལྗོངས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱས་ཡོད།
          བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་སྦགས་བཙོག་འགོག་བཅོས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཁྲེན་ལུའུ་ཆོན་གྱིས་གསར་འགོད་པར། བོད་ལྗོངས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱ་ཆེད་བོད་ལྗོངས་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་》དང་《བོད་རང་སྐྱོང་ལྗོངས་ཀྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་དོ་དམ་བྱ་ཐབས་》སོགས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་སོགས་ཚད་ལྡན་ཡིག་ཆ་སྔ་རྗེས་སུ་བཟོས་པ་དང་འབྲེལ་བཀྲམ་སྟེ་བོད་ལྗོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོར་དོ་དམ་དང་འགན་ལེན་གྱི་ལས་དོན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད། གོམ་སྟབས་རྗེས་མར་ད་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག་《བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞིའི་ལས་དོན་ཇུས་གཞི་》ལག་བསྟར་ནན་ཏན་བྱས་ཏེ། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གཙོ་བོའི་ཆུ་སྤུས་ཚད་ལོན་ཚད་100%ཟིན་རྒྱུའི་འགན་ལེན་བྱ་རྒྱུ་དང་། སྡེ་ཚན་ཁག་གི་ལས་ཀའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ་ཆུ་འགོ་ནས་ཆུ་ཀ་ལ་བར་གྱི་བརྒྱུད་རིམ་ཧྲིལ་པོའི་འཐུང་ཆུའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་ཐུབ་པ་བྱ་རྒྱུ། འཐུང་ཆུའི་ཆུ་སྤུས་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ལྗོངས་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་གཏན་འཁེལ་དང་། སྲུང་སྐྱོང་ཁུལ་གྱི་ས་མཚམས་མཚོན་རྟགས་གསར་འཛུགས། ཆུ་འགོའི་སྲུང་སྐྱོང་ཁུལ་ནང་གི་ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་གཙང་སེལ་བཅོས་སྒྲིག ཆུ་འགོའི་བདེ་འཇགས་འགན་ལེན་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་ཆེད་དོན་ཞིབ་བཤེར་བྱེད་པ། གནད་དོན་གནད་སྨིན་ཤེས་རྟོགས་ཡོང་བར་བྱེད་པ། གནད་དོན་བཅོས་སྒྲིག་ཏན་ཏིག་བྱེད་པ། ཆུ་འགོའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།