འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།"མི་སེར་ལ་གང་དགོས་ན་ང་ཚོས་དེར་བསམ་བློ་གཏོང་དགོས"

    —— ཉིང་ཞ་ཡན་ཁྲི་རྫོང་ཚེང་ཅིས་ཕན་གྲོང་ཚོའི་ ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུའུ་ཡུས་གོའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་05ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། “སྔོན་ཆད་སྲན་རིགས་རུལ་ནས་སུ་ལའང་དགོས་པ་མེད་པ་དང་ད་ཆ་ལས་སྣོན་བཟོ་གྲྭ་ཡོད་པས་སྲན་རིགས་རུལ་པ་དག་ནོར་བུ་ལྟ་བུའི་གཟན་ཆག་ཏུ་གྱུར་པས་ཕྱིན་ཆད་ང་ཚོས་སྲན་རིགས་དེ་དག་འཕྲོ་བརླག་ཏུ་གཏོང་མི་སྲིད”ཅེས་ཉིན་ཤས་གོང་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཡན་ཁྲི་རྫོང་ཝང་ལེ་ཇིང་ཤང་ཚེང་ཅིས་ཕན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུའུ་ཡུས་གོས་གསར་འགོད་པར་བཤད།
          དེ་སྔོན་ཀྲུའུ་ཡུས་གོས་ལོ་10ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་གྲོང་ཚོའི་རོགས་རེས་མ་དངུལ་དེ་ཐོག་མའི་དུས་ཀྱི་སྒོར་ཁྲི་20ནས་ད་ཆའི་སྒོར་ཁྲི་850ལྷག་ཙམ་བར་འཕེལ་རྒྱས་བཏང་བ་དང་ཆབས་ཅིག་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་5000གཡར་རྒྱུའི་སྐུལ་སློང་ཡང་བྱས་པ་དེར་མང་ཚོགས་ཀྱིས“དངུལ་རྩའི་ཀྲི་ཧྲུའུ”ཞེས་འབོད་ཀྱི་ཡོད། ཉེ་དུས་ཀྲུའུ་ཡུས་གོས་སེམས་ནུས་ཡོད་རྒུ་དངོས་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་བཏང་ནས་སྲན་རིགས་ལས་སྣོན་བཟོ་གྲྭ་ཞིག་བཙུགས་པ་རེད།
         “ན་ནིང་ནས་བཟུང་ཇུས་འགོད་བྱེད་འགོ་ཚུགས་པ་དང་འདི་ལོའི་ཟླ་3པར་བཟོ་གྲྭ་བེད་སྤྱོད་གཏོང་འགོ་ཚུགས་ནས་ད་ལྟ་གཟན་ཆག་ཏུན་50ལྷག་ཙམ་ཐོན་སྐྱེད་བྱས་པར་ཁྲོམ་རའི་རིན་གོང་ཏུན་1ལ་སྒོར་1000ལྷག་ཙམ་བྱེད་ཀྱི་ཡོད་པས་ཚོང་ལམ་ལ་སེམས་ཁྲལ་མི་འདུག”ཅེས་ཀྲུའུ་ཡུས་གོས་བཤད་པ་དང་། ཁོང་གིས་སྲན་རིགས་ལས་སྣོན་བཟོ་གྲྭ་ནི་གྲོང་ཚོའི“ལས་རིགས་དངོས་འཕེལ་རྒྱས་གཏོང་བའི”འཆར་འགོད་ཀྱི་གོམ་སྟབས་དང་པོ་ཡིན་པ་དང་སྔོན་དཔག་བྱས་ན་ལོ་1ནང་གྲོང་ཚོར་འབབ་འཕར་སྒོར་ཁྲི་15གཏོད་རྒྱུ་རེད་ཅེས་བཤད།
         “བཟོ་གྲྭ་བསྐྲུན་པ་ནས་བསྐྲུན་ཟིན་པའི་བར་གྱི་ལས་རིམ་ལ་ཁོང་གིས་ཉིན་ལྟར་ལྟ་བར་འགྲོ་གི་ཡོད་པ་དང་ང་ཚོའི‘དངུལ་རྩའི་ཀྲི་ཧྲུའུ’ཡིས་ལས་རིགས་དངོས་གཉེར་འགོ་ཚུགས་འདུག”ཅེས་ཚེང་ཅུས་ཕན་གྲོང་ཚོའི་གྲོང་ཚོ་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཕུའུ་ཚུན་གྱིས་གད་མོ་དགོད་བཞིན་དུ་བཤད།
          ཀྲུའུ་ཡུས་གོས་ལས་རིགས་དངོས་གཉེར་འགོ་ཚུགས་པ་ནི་སྐབས་ཤིག་རིང་དྲན་བློ་གསར་སྐྱེས་བྱུང་བ་ཞིག་མིན། ཁོང་གིས“དངུལ་རྩ་ནི་ས་ལ་གཏོར་བྱེད་ཀྱི་ཆུ་ལྟར་ཡིན་པ་དང་། ལས་རིགས་དངོས་ནི་ས་སྟེང་གི་ལོ་ཏོག་ལྟར་ཡིན་པ། རིག་གནས་འཚོ་བ་ནི་ལོ་ཏོག་འདེབས་མཁན་གྱི་བསམ་པའི་སྙིང་སྟོབས་ལྟར་ཡིན་པས་ལོ་ལེགས་ཡོང་བསམ་ན་དེ་གསུམ་པོ་གཅིག་ཉུང་ནའང་མི་འགྲིག ང་ཚོའི་དངུལ་རྩའི་རོགས་རེས་བདེ་བླག་བྱུང་བས་ད་ལྟ་ལས་རིགས་དངོས་འཕེལ་རྒྱས་གཏོང་བ་དང་རིག་གནས་འཕེལ་རྒྱས་གཏོང་རྒྱུར་ཕྱོགས་ཏེ་འཕེལ་རྒྱས་གཏོང་དགོས”ཞེས་བཤད།
         ཝང་ཕུའུ་ཚུན་གྱིས་གྲོང་མིས་དེའི་ཐད་མོས་མཐུན་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག ཁོང་གིས“སྔོན་ཆད་ང་ཚོའི་གྲོང་ཚོའི་ཁང་པ་ས་ཕག་གི་ཁང་པ་ཡིན་པ་དང་སྐྱ་ལམ་སྐྱོ་པོ་ཡོད་པས་གཙང་སྦྲ་འཕྲོད་བསྟེན་ཧ་ཅང་ཞན་པོ་ཡོད། ཀྲུའུ་ཡུས་གོས་ང་ཚོའི་སྣེ་ཁྲིད་ནས་ཁང་པ་གསར་པ་བརྒྱབ་པ་དང་མཁྲེགས་འགྱུར་ལམ་བུ་བཏིང་བས་ཚང་མའི་འཚོ་བ་ཡག་ཏུ་ཕྱིན་པ་དང་ལས་ཀ་བྱེད་སེམས་ཀྱང་ཆེ་རུ་ཕྱིན་ཡོད། ཀྲུའུ་ཡུས་གོ་དང་མཉམ་དུ་ལས་ཀ་བྱས་ན་ང་ཚོ་བློ་བདེ་པོ་འདུག”ཅེས་བཤད།
          ཀྲུའུ་ཡུས་གོས“གྲོང་གསེབ་ཇི་ལྟར་བྱས་ནས་འཕེལ་རྒྱས་ཡག་པོ་གཏོང་དགོས་སམ། མི་སེར་ལ་གང་དགོས་ན་ང་ཚོས་དེར་བསམ་བློ་གཏོང་བ་དང་མི་སེར་གྱིས་བསམ་བློ་གང་བཏང་བ་དེ་ང་ཚོས་བསྒྲུབས་ཚེ་ཧ་ཅང་ཡག་པོ་ཞིག་རེད”ཅེས་བཤད།
          འདི་ནི་ཀྲུའུ་ཡུས་གོས་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་དམ་ཚིག་ཅིག་རེད། ལས་རིགས་དངོས་དཀོན་རྐྱེན་ཀྲུའུ་ཡུས་གོས་ཚང་མའི་སྣེ་ཁྲིད་དེ་སྲན་རིགས་ལས་སྣོན་བཟོ་གྲྭ་བསྐྲུན་པ་དང་། འཆར་གཞི་ལྟར་ན་ད་དུང་མུ་མཐུད་ཁྱད་ལྡན་ཞིང་ལས་ལས་སྣོན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་དང་། རིག་གནས་རོལ་རྩེད་ར་བ་དཀོན་པོ་ཡོད་རྐྱེན་རང་བྱུང་གྲོང་ཚོ་ཁག་ལ་རིག་གནས་ཐང་ཆེན་བསྐྲུན་པ། བུ་ཕྲུག་ཕྱི་ལ་གླ་པར་སྐྱོད་པས་གྲོང་ཚོའི་ནང་གི་རྒན་རྒོན་འགའ་ཞིག་ལ་ལྟོ་ཆས་ཀྱི་དཀའ་ངལ་འཕྲད་རྐྱེན་གྲོང་ཚོའི་ནང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་བསྐྲུན་པ་སོགས་རེད། ལོ་78ལ་སླེབས་པའི་གྲོང་མི་ཀེང་ཧྲེང་ཀུའེ་ཡིས“དེ་སྔོན་ང་དང་བཟའ་ཟླས་ཁ་ལག་གཅིག་བཟོས་ན་ཉིན་གསུམ་འདང་གི་ཡོད། ད་ལྟ་གྲོང་ཚོར་རྒན་རྒོན་གྱི་ཟ་ཁང་ཡོད་པས་སྒོར་7སྤྲད་ན་ཉིན་གཅིག་གི་ལྟོ་དུས་གསུམ་རྒྱགས་ཚད་ཟ་རྒྱུ་ཡོད་ལ་ལྟོ་ཡང་ཡག་པོ་འདུག”ཅེས་བཤད།
         གཞི་རིམ་ནས་ཡོང་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཀྲུའུ་ཡུས་གོས་རྟག་ཏུ་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་ཀྱི་ཡོད་པ་དང་། གཞི་རིམ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པས་ཁོང་ནི་ཡུལ་མི་སྤུན་མཆེད་ཚོའི་མིག་ནང་གི“གྲགས་ཅན་པར”གྱུར་ཡོད་པ་རེད།
          དེའི་ཐད་ཀྲུའུ་ཡུས་གོས་གད་མོ་དགོད་བཞིན་དུ་གསར་འགོད་པར“ང་གྲགས་ཅན་པ་གང་ཡིན་ནམ། ང་ནི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་དཀྱུས་མ་ཞིག་ཡིན། གྲོང་མིའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་ནི་ངའི་འགན་འཁྲི་ཡིན་པ་དང་། གྲུབ་འབྲས་ནི་ཚང་མ་དང་མཉམ་དུ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།