འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྨན་གླིང་དུ་ཤིང་པདྨའི་མཛེས་སྡུག་ལ་རོལ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་05ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། “ཤིང་པདྨ་སེར་པོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཉིས་པ”བོད་ལྗོངས་སྨན་གླིང་རྫོང་དུ་གཉེར་བ་དང་། ཤིང་པདྨ་བཞད་པའི་དུས་སུ་ཡུལ་ལྗོངས་ལྷག་པར་མཛེས་པས། ཤིང་པདྨའི་མཚན་སྙན་ནི་གནའ་སྔ་མོ་ནས་བཟུང་ས་ཕྱོགས་ཀུན་ལ་ཁྱབ་ཡོད།
         དེ་བས་ལིའུ་ཡུས་ཤིས་བྲིས་པའི་ལོ་དབྱང་གྲོང་ལ་ཡིད་སྨོན་སྐྱེ་དགོས་དོན་མེད་དེ། ཟླ་ལྔ་པར་སླེབས་སྐབས། བོད་ལྗོངས་སྨན་གླིང་རྫོང་གི་བྲག་དགོན་ལུང་ཤུར་དང་ཚལ་ཁྲོམ་ལུང་ཤུར་སོགས་སུ་ཤིང་པདྨ་སེར་པོ་ཡུག་དང་ཡུག་བྱས་ནས་སྐྱེས་ཡོད་པས། མིག་ལ་ལྷག་པར་མཛེས་ཤིང་། ཡུལ་སྐོར་བ་མང་པོའི་ཡིད་དབང་ཅིག་ཅར་བཀུག་ཡོད།
          ཡིན་ནའང་ཤིང་པདྨ་སེར་པོར་ལྟ་མཁན་ཚོས་མི་ཤེས་པ་ཞིག་ནི་མེ་ཏོག་ཁྲོད་ཀྱི་མཛེས་ཤོས་ཤིང་པདྨ་རྒྱུན་དུ་མཐོང་རྒྱུ་ཡོད་རུང་། རི་སྐྱེས་ཤིང་པདྨ་ཧ་ཅང་མཐོང་དཀོན་པོ་ཡོད་པ་མ་ཟད་རི་སྐྱེས་ཤིང་པདྨ་སེར་པོ་དེ་བས་དཀོན་པོ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཤིང་པདྨ་སེར་པོ་སྐྱེ་སའི་ཁོར་ཡུག་དང་ཉེ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་ལ་ཆ་རྐྱེན་ཧ་ཅང་མཐོ་པོ་ཡོད་ལ། དེ་ཡང་ཉིང་ཁྲིའི་བྲག་ཡིབ་དང་སྨན་གླིང་དང་། ལྷུན་རྩེ་རྫོང་སོགས་ས་བབ་མཐོ་ཚད་སྨི་2900ནས་3200བར་གྱི་ཡར་ཀླུང་གཙང་པོའི་ལུང་ཤུར་དང་། དེ་བཞིན་རི་ལྡེབས་ཀྱི་ནགས་གསེབ་ཏུ་མ་གཏོགས་སྐྱེ་གི་མེད་པ་དང་། དེའི་ཁྲོད་ནས་སྨན་གླིང་རྫོང་དུ་ཆེས་གཅིག་སྡུད་ངང་སྐྱེས་ཡོད་པ་རེད། སྐྱེ་འཚར་གྱི་ཁོར་ཡུག་དམིགས་བསལ་ལྡན་ཁར་ཆོས་དང་མིའི་རིགས་འཚོ་སྡོད་ཀྱི་ཤུགས་རྐྱེན་ཐེབས་པས། མིག་སྔར་ཤིང་པདྨ་སེར་པོའི་ཁྱབ་ཁོངས་ཉིན་བཞིན་ཆུང་དུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོའི་དངོས་རིགས་ཀྱི“ཆེས་སྟོངས་ལ་ཉེ་བའི”རིམ་པའི་མིང་གཞུང་དམར་པོ(CR)ཡི་ནང་བཅུག་ཡོད་པ་རེད།
          སྨན་གླིང་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ལས་དོན་པས་གསར་འགོད་པར“ཟླ་6པའི་ཟླ་འགོར་སླེབས་སྐབས་ཤིང་པདྨ་སེར་པོ་བཞད་པའི་དུས་སུ་སླེབས་ཀྱི་ཡོད། སྨན་གླིང་རྫོང་བྲག་དགོན་ལུང་ཤུར་གྱི་ཤིང་པདྨ་སེར་པོ་བཞད་པའི་དུས་སུ་སླེབས་པ་ཕུད་ཚལ་ཁྲོབ་དང་། ཚལ་མི། ཉ་ལུང་། ཀོང་པོ་གཞིས་ཀ་སོགས་སུའང་རི་སྐྱེས་ཤིང་པདྨ་སེར་པོ་ཡུག་དང་ཡུག་བྱས་ནས་སྐྱེས་པ་མཐོང་རྒྱུ་ཡོད། མེ་ཏོག་བཞད་པའི་དུས་ཚོད་ཟླ་དྲུག་པའི་ཟླ་དཀྱིལ་བར་ཡིན”ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།