འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཅིང་གིས་ཨུ་ཀྲུང་འབྲེལ་བར་དམིགས་བསལ་གྱི་དོན་སྙིང་ལྡན་པ་དང་ཕྱོགས་གཉིས་
    པོའི་མཉམ་ལས་ཀྱི་འབྱུང་འགྱུར་གནས་ཚུལ་ཡག་པོ་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཧྲེང་པི་ཏེ་པའོ་རུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡར་སྐུལ་དང་རྒྱབ་སྐྱོར་འོག་དང་ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་འོག་ཨུ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་པ་དང་། ཚོང་དོན་གྱི་གྲུབ་ཆ་རིམ་བཞིན་ལེགས་སུ་ཕྱིན་པ། མཉམ་ལས་རྣམ་གྲངས་ཆེ་གྲས་དོན་འཁྱོལ་བྱེད་དང་བྱེད་བཞིན་ཡོད་པ། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཡག་པོ་ལྡན་ཡོད་ཅེས་གསུངས་པ་རེད།
         ཕུའུ་ཅིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧོ་ཕིང་གིས་བཏོན་པའི་འདྲི་བར་ལན་བསྐྱོན་སྐབས་གོང་གསལ་གྱི་བཀའ་མོལ་དེ་དག་གསུངས་པ་རེད།
         ཕུའུ་ཅིང་གིས་ཨུ་ཀྲུང་གི་འབྲེལ་བའི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་དམིགས་བསལ་གྱི་དོན་སྙིང་ལྡན་པ། ཕྱོགས་གཉིས་པོས་ཏན་ཏིག་དང་གཏིང་ཟབ་ཀྱི་མཉམ་ལས་འཆར་གཞི་བཟོས་ཡོད་ཅེས་གསུངས། ཁོང་གིས་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ཀྱིས་ཨུ་ཀྲུང་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཆ་རྐྱེན་བརྟན་པོ་ཞིག་བཏོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་སྔར་བས་བརྟན་པོ་དང་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་དགོས་ལུགས་དམིགས་བསལ་ངང་ནན་བཤད་གནང་བ་རེད།
         རྒྱལ་སྤྱིའི་གནད་དོན་སྐོར་གླེང་སྐབས་ཕུའུ་ཅིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱས་པ་དང་འབྲེལ་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་རིང་ནུས་པ་གལ་ཆེན་འདོན་སྤེལ་བྱས་པས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅེས་གསུངས།
         ཨུ་ཀྲུང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐོར་གླེང་སྐབས་ཕུའུ་ཅིང་གིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་འབྲེལ་ཡོད་འཆར་འགོད་ཁྲོད་དཔལ་འབྱོར་ཚོང་དོན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཞིབ་ཕྲའི་བྱེད་ཐབས་གཏན་འཁེལ་བྱས་ཡོད། ཀྲུང་གོ་ནི་ཨུ་རུ་སུའི་ཚོང་དོན་གྱི་རོགས་ཟླ་གལ་འགངས་ཆེ་ཤོས་དེ་ཡིན་པ་དང་ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་ཨ་སྒོར་དུང་ཕྱུར་860ཟིན་ཡོད། “གལ་སྲིད་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་མིག་སྔའི་ཚོང་དོན་འཕེལ་རྒྱས་ཀྱི་མྱུར་ཚད་རྒྱུན་འཁྱོངས་བྱས་ཚེ་ལོ་གཅིག་ནང་ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་ཨ་སྒོར་དུང་ཕྱུར་1000ཟིན་པའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད”ཅེས་གསུངས།
         ཕུའུ་ཅིང་གིས་ཀྲུང་གོ་ནི་ཨུ་རུ་སུའི་དཔལ་འབྱོར་ཐད་མ་འཇོག་བྱེད་མཁན་གལ་ཆེན་ཞིག་དང་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་རེད། མིག་སྔར་ཨུ་ཀྲུང་གི་མཉམ་ལས་རྣམ་གྲངས་ཆེ་གྲས་དོན་འཁྱོལ་བྱེད་དང་བྱེད་བཞིན་ཡོད་པ་དེས་ཨུ་ཀྲུང་གི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་ཕན་ཐོགས་ཡོད་ཅེས་མཛུབ་སྟོན་གནང་བ་དང་། ཁོང་གིས་ཨུ་ཀྲུང་གི་མཉམ་ལས་རྣམ་གྲངས་ཆེ་གྲས་དེ་སྣུམ་རླངས་དང་། ཉིང་རྡུལ་ནུས་པ། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ། འཕྲུལ་ཆས་བཟོ་སྐྲུན། འཇིག་རྟེན་འཕུར་སྐྱོད་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་དང་། སྔོན་དཔག་བྱས་ན་ཕྱོགས་གཉིས་པོས་བར་སྣང་ཁམས་ཀྱི་མཉམ་ལས་གསར་སྤེལ་ཐད་གལ་འགངས་ཤིན་ཏུ་ཆེ་བའི་གོམ་སྟབས་སྤོ་རྒྱུ་རེད། ཨུ་ཀྲུང་གིས་ད་དུང་གནམ་གྲུ་བཟོ་སྐྲུན་དང་། རྫས་འགྱུར་བཟོ་ལས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་རེད་ཅེས་གསུངས།
         ཕུའུ་ཅིང་གིས་མི་དམངས་ཤོག་སྒོར་དེ་དེ་བས་ཁྱབ་རྒྱ་ཆེ་བའི་རྒྱལ་སྤྱིའི་གྲབས་གསོག་དངུལ་ལོར་ལ་གྱུར་རེ་ཡོད་པ་དང་། ཨུ་ཀྲུང་ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་ཚོང་དོན་ཁྲོད་སོ་སོའི་དངུལ་ལོར་ཉོ་ཚོང་བྱ་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུ་རེད། “ཨུ་རུ་སུ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་མཉམ་ལས་སྡེ་ཚན་གྱིས་ཕན་ཚུན་མ་འཇོག་བྱེད་པ་དང་ཐུན་མོང་ཐོག་ཁྲོམ་ར་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་གསུངས།
         “འདི་ལོ་ནི་ཨུ་ཀྲུང་གི་ས་གནས་མཉམ་ལས་སྤེལ་རེས་ལོ་ཡིན”ཕུའུ་ཅིང་གིས“ཨུ་ཀྲུང་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་སྔར་བས་ཡག་པོ་སྤེལ་ནས་ཁྱིམ་མཚེས་ཞིང་ཆེན་དང་ཀྲོའུ་སྲིད་གཞུང་དབར་དང་དམངས་ཁྲོད་ཀྱི་ཐད་ཀའི་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེའི་ནང་ཟམ་རྒྱག་ལམ་བཟོ་དང་རྨང་གཞིའི་སྒྲིག་བཀོད་གསར་སྐྲུན་རྒྱས་སྐྲུན་བྱེད་རྒྱུ་སོགས་ཀྱི་མཉམ་ལས་ཚུད་ཡོད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།