འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།དངུལ་ཁང་མཉམ་འབྲེལ་གཱ་ཡི་གསང་བའི་ཨང་རྟགས་མི་དགོས་པའི་གཏོང་སྤྲོད་ཚད་གཞི་
    སྒོར་ཆིག་སྟོང་བར་སྤར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་དངུལ་ཁང་མཉམ་འབྲེལ་རྩ་འཛུགས་ནས་ཤེས་རྟོགས་བྱུང་བར། ཟླ་འདི་ནས་བཟུང་། དངུལ་ཁང་མཉམ་འབྲེལ་གཱ་ཡི་འབོར་ཉུང་གསང་བའི་ཨང་རྟགས་མི་དགོས་པ་དང་མིང་རྟགས་འགོད་མི་དགོས་པའི་གཏོང་སྤྲོད་ལས་སྒོའི་ཐེངས་གཅིག་གི་ཚད་གཞི་དེ་སྒོར་300ནས་སྒོར་1000བར་སྤར་བ་དང་། སླད་ཕྱིན་གཱ་ཡི་བདག་པོས་དངུལ་ཁང་མཉམ་འབྲེལ་གཱ་སྤྱད་དེ་སྒོར་1000མན་ཆད་ཀྱི་འཛད་སྤྱོད་བྱེད་སྐབས། གསང་བའི་ཨང་རྟགས་དང་མིང་རྟགས་འགོད་མི་དགོས་པས་གཱ་དེ་བས་བེད་སྤྱོད་བྱེད་བདེ་རུ་ཕྱིན་ཡོད། འོན་ཀྱང་གཱ་ཡི་བདག་པོས་རང་གི་བེད་སྤྱོད་གོམས་གཤིས་ལ་གཞིགས་ནས་ལས་སྒོ་དེ་གཉེར་དགོས་མིན་གདམ་ག་བྱེད་ཆོག་གི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གསང་བའི་ཨང་རྟགས་དང་མིང་རྟགས་འགོད་མི་དགོས་པའི་འབོར་ཉུང་ལས་སྒོ་དེ་རྒྱལ་སྤྱིའི་ཐོག་ཏུ་འཐུས་སྒོ་ཚང་བའི་གཏོང་སྤྲོད་བྱེད་སྟངས་ཤིག་ཡིན་པ་མ་ཟད། རྒྱལ་ནང་གི་སྒུལ་བདེའི་གཏོང་སྤྲོད་ཁྱབ་ཁོངས་སུའང་ཁྱབ་གདལ་རྒྱ་ཁྱབ་ཐུབ་ཡོད་པ་རེད། 2014ལོར་དངུལ་ཁང་མཉམ་འབྲེལ་གཱ་ལ་མྱུར་བགྲོད་ཀྱི་སྒོར་300ཡི་འབོར་ཉུང་ཉོ་ཚོང་གི་བཅད་གྲངས་མངོན་འགྱུར་ཐུབ་ཡོད། འཛད་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་དང་ཆབས་ཅིག་སྣུམ་སྣོན་དང་། སྒོ་རྩིས་ཚོང་ཁང་གི་ཉོ་སྒྲུབ། མེ་འཁོར་གྱི་སྤ་སེ་ཉོ་བ་སོགས་རྒྱུན་གཏན་གྱི་འཛད་སྤྱོད་གཏོང་སྤྲོད་ཀྱི་དངུལ་འབོར་རྟག་ཏུ་སྒོར་300ལས་བརྒལ་བས་འཛད་སྤྱོད་པར་གསང་བའི་ཨང་རྟགས་མི་དགོས་པའི་ཉོ་ཚོང་གི་ཚད་གཞི་སྤོར་རྒྱུའི་དགོས་གལ་ཆེན་པོ་ཡོད་པ་རེད།
         གཱ་སྤྱོད་པའི་བདེ་འཇགས་འགན་ལེན་ནུས་ལྡན་བྱ་ཆེད། དངུལ་ཁང་མཉམ་འབྲེལ་རྩ་འཛུགས་ཀྱིས་ཚོང་ལས་དངུལ་ཁང་ཁག་དང་མཉམ་འབྲེལ་ཐོག་གཱ་ཡི་བདག་པོར་ཆེད་དོན་གྱི་སྐྱིན་ཚབ་སྤྲོད་དངུལ་བཟོས་ཏེ་གཱ་བོར་བརླག་སོང་རིང་ཆུ་ཚོད་72ཀྱི་འགན་ལེན་ཞབས་ཞུ་མཁོ་འདོན་བྱས་པ་རེད། སྒོར་1000ནང་ཚུན་གྱི་དངུལ་ཁང་མཉམ་འབྲེལ་གཱ(“སྤྲིན་ཚོགས་གཏོང་སྤྲོད”)ཡི་གསང་བའི་ཨང་རྟགས་མི་དགོས་པ་དང་མིང་རྟགས་འགོད་མི་དགོས་པའི་འབོར་ཉུང་ཉོ་ཚོང་ལ་གཱ་བོར་བརླག་སོང་བའམ་ཡང་ན་རྐུ་ཤོར་བའི་རིགས་ལ་གཱ་ཡི་བདག་པོས་བོར་ཐོ་མ་བཀོད་གོང་གི་ཆུ་ཚོད་72ནང་བརྐུས་ནས་འཛད་སྤྱོད་བྱས་པའི་དངུལ་འབོར་སྐྱིན་གསབ་རག་རྒྱུ་ཡིན་པ་དང་གཱ་ཡི་བདག་པོ་ཚང་མར་ལོ་ལྟར་མཐོ་ཤོས་སུ་རིམ་རྩིས་བྱས་ན་སྐྱིན་ཚབ་སྒོར་30000རག་གི་ཡོད་པ་རེད།
         ཀྲུང་གོ་དངུལ་ཁང་མཉམ་འབྲེལ་རྩ་འཛུགས་ཀྱི་《དངུལ་ཁང་མཉམ་འབྲེལ་གཱ་ཡི་གསང་བའི་ཨང་རྟགས་མི་དགོས་པ་དང་མིང་རྟགས་འགོད་མི་དགོས་པའི་འབོར་ཉུང་ལས་སྒོའི་སྒྲིག་སྲོལ་》ལ་གཞིགས་ནས། གཱ་སྤྲོད་མཁན་སྒྲིག་གཞི་དང་འཛིན་བསྡུའི་སྒྲིག་གཞིས་ལས་སྒོ་མ་གཉེར་གོང་གཱ་ཡི་བདག་པོར་ཤོད་པའི་འོས་འགན་འཁུར་དགོས། དེར་བརྟེན་དངུལ་ཁང་ཁག་གིས་ཀྱང་ཉེ་དུས་ཀྱི་གཞུང་ཕྱོགས་དྲ་བའི་སྤྱི་བསྒྲགས་དང་། འཕྲིན་ཐུང་བརྡ་ཐོ། གཱ་ལེན་གན་རྒྱ་སོགས་བྱེད་ཐབས་བརྒྱུད་གཱ་ཡི་བདག་པོར་ཡིད་རྟོན་གཱ་ཡི་མི་དགོས་པ་གཉིས་ཀྱི་ལས་སྒོའི་འབྲེལ་ཡོད་ཆ་འཕྲིན་གསལ་བཤད་ཁ་གསལ་བྱས་ཡོད། གཱ་ཡི་བདག་པོས་གལ་ཏེ་བྱེད་ནུས་དེ་གཉེར་འདོད་མེད་ཚེ་གཱ་སྤྲོད་མཁན་དངུལ་ཁང་ལ་མི་དགོས་པ་གཉིས་ཀྱི་བྱེད་ནུས་དེ་མི་དགོས་པའི་རེ་ཞུ་བྱས་ཚེ་བདེ་བླག་ངང་བྱེད་ནུས་དེ་མེད་པ་བཟོ་ཡི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།