འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྲོ་ཚང་རི་ཁུག་གི་བྱིས་པའི་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་འབྲེལ་མཚམས་སུ་གནས་པ་དང་། ས་བབ་མཐོ་ཚད་སྨི་2800ཟིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ལུའུ་དཔའ་ཤང་ཅའུ་ཅ་ཧྲན་གྲོང་ཚོའི་བུ་བཅོལ་ཁང་དུ་བྱིས་པའི་དུས་ཆེན་ནི་རྣམ་ཀུན་འཕྲད་དཀའ་བའི་གལ་ཆེའི་ཉིན་མོའི་གྲས་ཤིག་རེད། ཞོགས་པའི་ཆུ་ཚོད་8པ་ཙམ་ལ་ཕྲུ་གུ་དང་ཁྱིམ་བདག་31དུས་ཐོག་ཏུ་བུ་བཅོལ་ཁང་དུ་འཛོམས།
         སྙན་ཞིང་འཇེབས་པའི་གླུ་དབྱངས་འགྱུར་ཁུག་ཁྲོད་ཕྲུ་གུ་ཚོས་སྔ་ས་ནས་ནང་སྦྱོང་བྱས་པའི་ཞབས་བྲོ་4འཁྲབ་པར་ཁྱིམ་བདག་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད། ཞབས་བྲོ་འཁྲབ་རྗེས་དགེ་རྒན་གཉིས་ཀྱིས་ཕྲུ་གུ་དང་ཁྱིམ་བདག་སྒྲིག་འཛུགས་བྱས་ཏེ་མཉམ་རོལ་རྩེད་མོ་རྩེད་པས་སྒོ་རའི་ནང་དུ་དགའ་སྤྲོའི་དགོད་སྒྲས་ཁེངས།
         ཅའུ་ཅ་ཧྲན་གྲོང་ཚོ་གནས་ཡུལ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ནི་རྒྱལ་ཁབ་ཀྱི་ལིའུ་ཕན་རི་བོའི་གཅིག་སྡུད་ཡུག་འབྲེལ་དམིགས་བསལ་དཀའ་ངལ་ཁུལ་དུ་གཏོགས་ཤིང་། ཆུས་ཡོངས་ཀྱི་ཤང་གྲོང་19ཁྲོད་ཀྱི་14ནི་རྨ་ཆུ་དང་ཙོང་ཆུའི་ལུང་གཞུང་ངོགས་གཉིས་ཀྱི་མཐོ་གྲང་རི་ཁུལ་དུ་ཆགས་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། མི་ཐར་ཐོར་དུ་གནས་པ། དཔལ་འབྱོར་རྗེས་སུ་ལུས་པ་བཅས་ཀྱིས་རྐྱེན་པས་2009ལོ་ཡི་གོང་དུ་ཅའུ་ཅ་ཧྲན་སོགས་ཐག་རིང་ལུང་ཁུག་གི་གྲོང་ཚོར་སློབ་ཞུགས་གོང་གི་སློབ་གསོ་དར་བའི་སྲོལ་ཧ་ལམ་མེད།
         2009ལོའི་ཟླ་9པར། ཀྲུང་གོ་འཕེལ་རྒྱས་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱི་རོགས་རམ་འོག གྲོ་ཚང་ཆུས་ཀྱིས་ས་ཁུལ་དབུལ་པོའི་བྱིས་པའི་སློབ་ཞུགས་གོང་གི་སློབ་གསོའི་རྣམ་གྲངས་ཚོད་ལྟ་བྱས་ནས་སྤེལ་ཏེ་རྒྱ་ཆེའི་རི་ཁུལ་གྱི་བྱིས་པ་ཚོར་ཆུང་ངུའི་དུས་ནས་གཞི་རྩའི་སློབ་གསོ་འདྲ་མཉམ་ངང་ཐོབ་རྒྱུར་རོགས་རམ་བྱས་པ་རེད།
        “བུ་བཅོལ་ཁང་དུ་དང་ཐོག་མར་གྲོང་ཚོའི་སློབ་ཆུང་གི་བེད་མེད་དུ་བཞག་པའི་སྒྲོག་ཙེ་དམའ་རུ་བཏང་ནས་སྤྱོད་པ་དང་། ཐེ་པེད་དང་། བྱེ་ཁུག ཐག་མཆོངས་སོགས་ཀྱི་རྩེད་ཆས་ཀྱང་སོ་སོས་བཟོས་པ་ཤ་སྟག་རེད། ཅའུ་ཅ་ཧྲན་དང་། སན་ཐེའོ་ཀའུ། མདོ་ཅ་ཝན་བཅས་གྲོང་ཚོ་གསུམ་གྱི་ཕྲུ་གུ་ཚང་མ་འདི་གའི་བུ་བཅོལ་ཁང་ལ་ཡོང་དགོས་ཀྱི་ཡོད། ལམ་ཐག་རིང་ཤོས་ཀྱི་ཕྲུ་གུས་ཁྱིམ་ནས་བུ་བཅོལ་ཁང་བར་སྤྱི་ལེ་6ལྷག་ཙམ་བསྐྱོད་དགོས་ཀྱི་ཡོད”ཅེས་དགེ་རྒན་ཝང་ཡུས་ལན་གྱིས་བཤད་ཅིང་། ཁོང་གིས་2015ལོར་འདི་གར་བུ་བཅོལ་ཁང་གསར་པ་བསྐྲུན་པས་སློབ་ཁང་དང་། ཉལ་ཁང་། སྤང་། དྲོད་རླངས་སོགས་གང་དགོས་ཅི་འཛོམས་ཡོད་ཅེས་བཤད།
         ལོ་10ཙམ་གྱི་འབད་བརྩོན་བྱས་པ་བརྒྱུད། གྲོ་ཚང་གི་གྲོང་གསེབ་བུ་བཅོལ་ཁང་107ཟིན་ནས་ཆུས་དེ་ཡོངས་ཀྱི་རི་ཁུལ་གྱི་ཤང་གྲོང་16ལ་ཁྱབ་པ་དང་། བུ་བཅོལ་ཁང་དུ་འགྲོ་མུས་ཀྱི་བྱིས་པའི་གྲངས་འབོར་2965བར་མང་དུ་སོང་བ། དང་བླངས་དགེ་རྒན་178བར་མང་དུ་སོང་བ། གྲོ་ཚང་གི་སློབ་ཞུགས་གོང་གི་ལོ་གསུམ་རིང་ན་འདྲེས་སློབ་གྲྭར་ཞུགས་ཚད་96.6%བར་མཐོ་རུ་སོང་བ་བཅས་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2009ལོ་ཚུན་གྲོ་ཚང་དུ་རི་ཁུལ་གྱི་བྱིས་པ་ཁྲི་1.6ལྷག་ཙམ་ལ་སློབ་ཞུགས་གོང་གི་སློབ་གསོ་ཐོབ་ཡོད་པ་རེད།
         ཀྲུང་གོ་འཕེལ་རྒྱས་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱི་ཚོད་སྐོར་སྙན་ཞུ་ལས་མངོན་གསལ། གྲོ་ཚང་ཆུས་ཀྱི་རི་གྲོང་བུ་བཅོལ་ཁང་གི་བྱིས་པའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་དེ་ཚད་གཞིའི་ཆུ་ཚད་ཀྱི་84%ཟིན་པ་དང་སྐད་ཡིག་གི་ཆུ་ཚད་དང་ཧ་གཉིད་སད་ཚད་གོ་ཚད་གཞིའི་ཆུ་ཚད་ཀྱི་94.8%དང་91.3%སོ་སོར་ཟིན་ནས་གྲོང་ཁྱེར་གྱི་བྱིས་པ་དང་ཧེ་བག་ཆུང་དུ་ཆེས་ཆེར་ཕྱིན་པ་དང་རི་ཁུལ་དབུལ་པོའི་སློབ་ཞུགས་གོང་གི་སློབ་གསོའི་ཞན་ཆ་གཞི་རྩའི་ཆར་གསབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།