འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་གསུམ་གྱིས་གཏན་འབེབས་བཏོན་ནས་འགྲུལ་སྐྱེལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་01ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། འགྲུལ་སྐྱེལ་ཁེ་ལས་ཀྱི་བདེ་འཇགས་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། སྤྱི་བདེ་པུའུ། འཕྲལ་འདོམས་དོ་དམ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་བཟོ་བཅོས་བརྒྱབ་ནས་《བགྲོད་ལམ་འགྲུལ་པ་སྐྱེལ་འདྲེན་ཁེ་ལས་ཀྱི་བདེ་འཇགས་དོ་དམ་གྱི་གཏན་འབེབས་》བཏོན་ཏེ་འབྱུང་རྩ་ནས་འགྲུལ་སྐྱེལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་མཉམ་དུ་བཅོས་སྒྲིག་བྱས་པ་རེད།
           བསྡོམས་རྩིས་ཀྱི་གྲངས་ཀ་ལས་མངོན་པ་ལྟར་ན། 2012ལོ་ནས་2017ལོ་བར་ཐེངས་གཅིག་ལ་མི་10ཡན་ཤི་བའི་བགྲོད་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་55.8%ཚང་མ་གཞུང་ལམ་གྱི་འགྲུལ་སྐྱེལ་རླངས་འཁོར་དང་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ལས་བྱུང་བ་དང་། ལས་འཛོལ་བརྟག་དཔྱད་ཀྱི་གནས་ཚུལ་ལ་བལྟས་ན། འགྲུལ་སྐྱེལ་ཁེ་ལས་ཀྱིས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་མ་བྱས་པ་དང་། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཐང་ཆད་ནས་འཁོར་རིགས་བཏང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་མང་བ། གནས་ཚུལ་ལྟ་སྐུལ་ཚོད་འཛིན་ལམ་ལུགས་དོན་འཁྱོལ་བྱས་མེད་པ་སོགས་ཀྱི་གནད་དོན་གཅིག་སྡུད་དམར་རྗེན་དུ་བཏོན་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། གཏན་འབེབས་ནང་གཙོ་བོ་འགྲུལ་སྐྱེལ་ཁེ་ལས་ཀྱི་གནས་ཚུལ་ལྟ་སྐུལ་ཚོད་འཛིན་དང་། ཁ་ལོ་བའི་བདེ་འཇགས་སློབ་གསོ་དང་དོ་དམ། ཉེན་ཁ་དོ་དམ་ཚོད་འཛིན་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་སོགས་ཀྱི་ཐད་བླང་བྱ་ནན་པོ་སྔར་བས་བཏོན་ནས་ཆེད་འགན་ལྟ་སྐུལ་ཚོད་འཛིན་མི་སྣ་དང་། གནས་ཚུལ་ལྟ་སྐུལ་ཚོད་འཛིན་གྱི་གྲངས་གཞིར་དབྱེ་ཞིབ། ཁྲིམས་འགལ་ཆ་འཕྲིན་ཐག་གཅོད་སོགས་གཏན་འབེབས་ཞིབ་ཕྲ་13མང་དུ་བཏང་བ་དང་འབྲེལ་ཁ་ལོ་བའི་སློབ་གསོ་གསོ་སྦྱོང་གི་ཐེངས་གྲངས་དང་ནང་དོན། རླངས་འཁོར་གཏོང་བའི་དུས་ཚོད་དང་ངལ་གསོའི་དུས་ཚོད། ཐག་རིང་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བའི་མི་གྲངས་བཀོད་སྒྲིག་སོགས་གཏན་འབེབས་ཁག་46ལ་འཐུས་ཚང་དང་ལེགས་སྒྲིག་བྱས་པ་རེད། གཏན་འབེབས་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པར་སྐུལ་མ་གཏོང་ཆེད། སྤྱི་བདེ་པུའུ་ཡིས་ད་དུང་བརྡ་ཐོ་བཏང་ནས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་གཏན་འབེབས་ལྟར་འགྲུལ་སྐྱེལ་ལས་འཛོལ་ལ་བརྟག་དཔྱད་ཟབ་མོ་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་མ་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་ལས་རིགས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ། ཁེ་ལས་ཀྱི་འབྱུང་རྩའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགྲུལ་སྐྱེལ་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།